ཅི་ཞིག་ལ་འཚེ་མེད་ཀྱི་སྤྱོད་པར་གནས་དགོས་ན་དཀར་ཟས་བརྟེན་དགོས་པ་ཡིན།

ང་ཚོ་གངས་ལྗོངས་ཀྱི་ཞིང་འདི་ན་འཚོ་ཤིང་བཞེས་པའི་བོད་མི་རྣམ་ལྡན་ཡོད་དོ་ཅོག་སྔོན་མ་ནས་བཟུང་སྟེ་ཆོས་ལ་དད་ཞིང་རྒྱུ་འབྲས་མིག་ལྟར་བརྩི་བ། གཤིས་རྒྱུད་དྲང་ཞིང་བྱམས་བརྩེ་ཆེ་བའི་སྐྱེས་བུ་ཤ་སྟག་ཡིན་ཞེས་བཤད་ཀྱང་ཕྱོགས་གཅིག་ནས་མི་འགྲིག་པ་ཆེར་མེད་པས་མ་འོངས་པའི་རིགས་རྒྱུད་ཕྱི་མ་དང་མ་འོངས་པའི་ཡོད་ཚད་ཀྱི་ཆེད་དུ་ང་ཚོ་སྐྱ་སེར་གཉིས་ཀྱིས་མུ་ནས་མུར་ལྷད་མེད་ཀྱི་གཤིས་རྒྱུད་དང་གཞན་ཕན་གྱི་བསམ་པ་བཟང་བོ་སོགས་དར་སྤེལ་དང་རྒྱུན་སྐྱོང་བྱ་རྒྱུ་ནི་ཅིས་ཀྱང་སྤྲོ་སེམས་དང་བཅས་འགན་ལེན་བྱ་དགོས་པ་ཞིག་ཡིན་པ་འདྲ།

ལྷག་དོན་དུ་གྲྭ་བ་དག་ལ་མཚོན་ན་རང་གི་ཚུལ་ཁྲིམས་རྣམ་པར་དག་པ་ཞིག་གཞིར་བཟུང་བའི་སྟེང་བསླབ་གསུམ་གྱིས་བསྡུས་པའི་རྟོགས་པའི་བསྟན་པ་དང་སྡེ་སྣོད་གསུམ་གྱིས་མཚོན་པའི་ལུང་གི་བསྟན་པར་བློ་སེམས་ཆིག་སྒྲིལ་གྱིས་ཉམས་ལེན་གྱི་གནད་དུ་འཇོག་མ་ཐུབ་ཀྱང་ལུང་རྟོགས་གཉིས་ལ་རང་ནུས་ཅི་ལྕོགས་ཀྱིས་ཐོས་བསམ་རེ་བྱེད་རྒྱུ་ནི་མ་ཁུར་ཐུ་མེད་ཀྱི་འགན་ཁྲི་གཙོ་ཤོས་དེ་ཡིན་པ་ཡང་སྨྲས་མ་དགོས་པ་ཞིག་རེད་ལ།

ང་ཚོ་གྲྭ་བ་ཚོའི་བསླབ་གཞི་དང་ཐོས་སོགས་ཀྱིས་འཇུག་གཞི་གཙོ་བོ་ཡང་འཚོ་ཐབས་ཀྱི་རིག་གནས་སམ་ཁ་གསོ་རྒྱབ་འགེབ་ཀྱི་རིག་གནས་ལས་རིང་དུ་གྱེས་པའི་གྲོལ་ཐབས་ཀྱི་རིག་གནས་ཏེ་ཐར་བ་དང་ཐམས་ཅད་མཁྱེན་པའི་རྣམ་གཞག་ཆ་ཚང་ལ་མ་ནོར་བར་སྟོན་ཤིང་བྱམས་བརྩེ་སྲོག་ཤིང་དུ་བྱས་པའི་ནང་བསྟན་གྱི་གཞུང་དེ་ཉིད་ལགས་ན་རིག་གཞུང་ཁྱད་པར་ཅན་གང་དེ་གཙུག་ཏུ་བཀུར་བའི་ནང་བསྟན་པ་དང་དམིགས་བསལ་གྲྭ་བ་ཚོས་ནང་བའི་ལྟ་གྲུབ་ལ་ཐོས་བསམ་གནད་མ་རེ་བྱེད་ཞོར་དུ་ནང་བའི་སྤྱོད་པ་སྟེ་ནམ་རྒྱུན་ཆེ་ཆུང་མེད་པར་མ་ཎི་ལྟར་བགྲངས་ཀྱིན་པའི་འཚེ་མེད་ཞི་བདེའི་བཟང་སྤྱོད་ཅེས་པའི་ཁ་གཡང་སྙན་མོ་དེ་ཡང་།  ཁ་གཡང་ཙམ་གྱི་སྒང་ནས་མ་བཞག་པར་དེ་ལ་ཁ་མིན་དོན་གྱིས་མནོ་སམས་རེ་གཏོང་བ་དང་དེའི་དོན་ཕྲན་ཙམ་རེ་ཡིན་ན་ཡང་ལག་ལེན་དུ་བསྟར་ཨེ་ཐུབ་བལྟ་རྒྱུ་དེ་ཡང་དུས་སྐབས་འདིར་ཆེས་ཁ་ཚ་དགོས་གཏུགས་ཀྱི་དོན་གནད་ཅིག་ཏུ་ཆགས་ཡོད།

འོ་ན། ང་ཚོ་འཚོ་མེད་ཞི་བའི་སྤྱོད་པར་དོན་དམ་དུ་ཇི་ལྟར་གནས་དགོས་པ་ཡིན།  གྲྭ་བ་བྱས་པ་དང་གཞན་ལ་གནོད་པ་མ་བྱས་པ་ཙམ་གྱིས་འཚེ་མེད་ཀྱི་སྤྱོད་པ་ལ་གནས་པར་འཇོག་གམ།  ཡང་ན་རང་གིས་དངོས་སུ་སྲོག་གཅོད་ཀྱི་སྦྱོར་བ་མ་བརྩམས་ཀྱང་གཞན་ཤན་པ་སོགས་བརྒྱུད་ནས་ཉམ་ཆུང་དུད་འགྲོ་གྲངས་མེད་ཀྱི་ཤ་ཁྲག་ལ་ཅི་འདོད་དུ་སྤྱོད་པ་དེ་འཚེ་མེད་ཀྱི་སྤྱོད་པར་བརྩི་འམ། ཡང་སྙིང་ག་འདྲ་ཞིག་ལ་འཚེ་མེད་ཀྱི་སྤྱོད་པར་གནས་ཟེར།


སྔ་ས་ས་ནས་དྲིས་ལན་རེ་མ་བཙལ་ཐུ་མེད་ཀྱི་དྲི་བ་འདི་དག་གི་ཕྱིར་དུ་ངས་ཀྱང་འདི་རུ་བརྗོད་བྱ་གཙོ་བོ་འཚེ་མེད་ཞི་བདེའི་ལྟ་གྲུབ་དང་འབྲེལ་ཏེ་དོན་དངོས་ཀྱིས་འཚེ་མེད་ཀྱི་སྤྱོད་པར་གནས་དགོས་ན་དཀར་ཟས་ལ་རོལ་རྒྱུ་ནི་ཆེས་བཟང་བའི་ཐབས་ལམ་ཉག་གཅིག་ཏུ་ལེགས་པར་བསམས་པས་དཀར་ཟས་ལ་རོལ་ཐབས་དང་དཀར་ཟས་ལ་རོལ་བའི་བླ་མེད་ཀྱི་དགེ་མཚན་སྐོར་ནས་རང་གི་འཇོན་ཚོད་ཅིག་གླེང་རྩིས་ཡིན།

སྤྱིར་དཀར་ཟས་ཞེས་པ་ཡང་འཚེ་མེད་ཀྱི་རྩ་བ་ཡིན་ཚུལ་དང་གཞན་ཕན་གྱི་ལྟ་བའི་སྲོག་རྩ་རུ་གྱུར་ཡོད་ཚུལ་སྐོར་གྱི་ཟུར་གཞན་ཞིག་ནས་གཞིགས་ན་ཧ་ལས་པའི་བརྗོད་གཞི་རྒྱ་ཆེ་ལ་གཏིང་ཟབ་པ་ཞིག་ཡིན་པའི་ཚོད་དུ་འདུག་ཀྱང་།  ངས་ནི་འདིར་ང་རང་ཉིད་དཀར་ཟས་རང་ལུགས་པ་ཞིག་ཡིན་པའི་ངོས་ཐད་ནས་ད་བར་དུ་རང་ཉིད་ཀྱིས་དཀར་ཟས་རོལ་བའི་མྱོང་ཚོར་དང་དཀར་ཟས་རོལ་བའི་འཚོ་བའི་སྤྲོ་སྣང་།  དཀར་ཟས་རོལ་བའི་ལུས་ཕུང་གི་བདེ་ཐང་སོགས་མདོར་ན་རང་གི་མྱོང་ཚོར་དངོས་དང་འབྲེལ་ཏེ་་དཀར་ཟས་ཀྱི་ཕྱོགས་ལ་ཁ་གསལ་གོ་བདེའི་ལམ་ནས་བསམ་ཚུལ་ཕྲན་བུ་རེ་བརྗོད་པར་བྱ།

དེ་ཡང་དཀར་ཟས་ལ་རྒྱུས་ལོན་བྱ་དགོས་ཚེ་རང་ཉིད་གྲྭ་བའི་གཟུགས་བརྙན་ཙམ་འཛིན་པ་ཞིག་ཡིན་པའི་ཆ་ནས་གྲྭ་བ་དང་དཀར་ཟས་བར་གྱི་འབྲེལ་བ་ངེས་པར་གླེང་དགོས་ལ། མ་ཟད་དཀར་ཟས་ལ་བཟུང་བའི་ལྟ་ཚུལ་སྣ་ཚོགས་དང་དཀར་ཟས་ཀྱི་དགེ་མཚན།  མཐའ་མར་དཀར་ཟས་བརྟེན་པའི་ཐབས་ལམ་སོགས་ཚན་པ་བཞིའི་སྒོ་ནས་རེ་རེ་བཞིན་བསྙད་ན།

དང་པོ།  གྲྭ་བ་དང་དཀར་ཟས་བར་གྱི་འབྲེལ་བ།

སྤྱིར་བཏང་བཤད་ན་དེས་རབས་ཉེར་གཅིག་པའི་སྐབས་འདིར་དཀར་ཟས་ནི་སྐྱ་སེར་གྱི་དབྱེ་བ་མེད་པར་ཐམས་ཅད་ཀྱིས་དོ་ཁུར་བྱ་དགོས་པའི་གནས་ཤིག་ཆགས་ཡོད་མོད། ལྷག་པར་གྲྭ་བཙུན་ཚོ་དང་དཀར་ཟས་ཀྱི་བར་དུ་དམིགས་བསལ་གྱི་འབྲེལ་བ་དམ་ཟབ་ཡོད། རྒྱུ་མཚན་གྲྭ་བ་ཚོས་མགོ་སྐྱབས་འགྲོ་ནས་བཟང་སྟེ་མཇུག་བསྔོ་བའི་བར་དུ་མ་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་བྱ། མ་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག་ཅེས་དུས་རྣམ་ཀུན་ཏུ་འབུ་སྲིན་གྲོག་མ་ཚུན་ཆད་མ་དང་གཉེན་ལྟ་བུར་སྒོམ་ཀྱིན་སེམས་ཅན་ཡོད་དོ་ཅོག་གི་ཆེད་དུ་སྨོན་ལམ་དང་གསོལ་བ་གྲངས་མེད་འདེབས་མཁན་དེ་ཡིན་པས།

བླ་གྲྭ་ཚོས་ནམ་ཞར་སྨོན་ལམ་རྒྱག་རྒྱུར་དགའ་བ་ཙམ་མ་ཡིན་པར་ཁ་ཞེ་གཉིས་མེད་ཀྱིས་སེམས་ཅན་གཅིག་ཙམ་གྱི་གཅེས་པའི་ཚེ་སྲོག་ལ་ཡང་གནོད་འཚེ་བྱེད་པའི་བགྱི་བ་རིང་དུ་སྤངས་ཏེ་གང་ཐུབ་ཅི་ཐུབ་ཀྱིས་ངེས་པར་དཀར་ཟས་གསོལ་དགོས་འདུག དེ་མིན་ཁ་ནས་སྙན་སྙན་མཛེས་མཛེས་ཀྱི་ཆོས་སྒྲ་ལྷང་ལྷང་སྒྲོག་ཞོར་ཤ་ཟ་ཁྲག་འཐུང་གི་ལས་ལ་བག་མེད་དུ་འཇུག་པ་ནི་ཕྱི་ནང་གཉིས་འགལ་གྱི་ཆོས་པའི་གཟུགས་བརྙན་འཆང་བ་ཙམ་ལས་དོན་དམ་དུ་ཁྱིམ་པ་མི་ནག་ལས་ཀྱང་འཇིགས་སུ་རུང་།

མ་ཟད་ཆོས་ཀྱི་སྙིང་བོ་བྱང་ཆུབ་སེམས་མཆོག་དང་ཐེག་ཆེན་ལམ་གྱི་གཞུང་ཤིང་བྱང་ཆུབ་སེམས་ཟེར་བ་སོགས་ལས་རིང་དུ་གྱེས་པའི་ཆོས་པ་ཕུང་སུམ་པ་ཞིག་ཏུ་འགྱུར་གྱིན་པ་ཡང་ངང་གིས་འགྲུབ་ཡོང་།  དེ་བས་དོན་དངོས་ཀྱི་ཆོས་པ་ཚད་ལྡན་ཞིག་དང་བསྟན་པའི་རྩ་བ་དང་མི་འགལ་བའི་ནང་བསྟན་པ་ཞིག་ཆགས་དགོས་ཚེ་གཞན་ཕན་གྱི་བསམ་པ་ལས་བརྩམས་པའི་འཚེ་མེད་ཀྱི་སྤྱོད་པར་ངེས་པར་གནས་ཐུབ་པ་ཞིག་ཡོང་དགོས་ལ། “མཐར་གཏུགས་ན་འཚེ་མེད་ཀྱི་སྤྱོད་པར་གནས་སྟངས་ཆེས་ཡག་ཤོས་ནི་དཀར་ཟས་ལ་རོལ་རྒྱུ་དེ་ཡིན་”ཞེས་པའི་སྔོན་བྱོན་དམ་པ་རྣམས་ཀྱི་གདམས་ངག་ཟམ་མོ་ཡིད་ལ་བཅངས་ཏེ་དཀར་ཟས་ལ་རོལ་གང་ཐུབ་བྱེད་རྒྱུ་ནི་ཡང་དགོས་ངུར་སྨིག་པ་གྲྭ་བཙུན་གྱི་འདུས་སྡེའི་ཕྲག་ལ་བབས་པའི་འོས་འགན་དམིགས་བསལ་བའོ།།

གཉིས་པ། དཀར་ཟས་ལ་བཟུང་བའི་ལྟ་ཚུལ་སྣ་ཚོཊ།

མང་ཆེ་བས་དཀར་ཟས་རོལ་མི་ཐུབ་པ་ཡང་ང་ཚོར་ཐུན་མོང་དུ་ཡོད་པའི་ལྟ་ཚུལ་སྣ་ཚོགས་ཤིག་གི་རྐྱེན་གྱིས་ཡིན་པ་འདྲ། དཔེར་ན་དམར་ཟས་ལ་དགའ་མཁན་ཚོས་ནམ་རྒྱུན་དཀར་ཟས་ལ་སྐྱོན་ག་འདྲ་བརྗོད་ཀྱིན་ཡོད་ཅེ་ན། དཀར་ཟས་ལ་རོལ་ན་ལུས་སྟོབས་ཞན་འགྲོ་རབས།  སྟོན་པས་དངོས་སུ་མདོ་རྒྱུད་མང་བོར་དམར་ཟས་གནངས་ཡོད་ལུགས། ལྷག་པར་མདོ་དབུས་མཐོ་སྒང་སྟེ་བོད་ཡུལ་ས་ཆར་མཚོན་ན་ཁོར་ཡུག་གི་དབང་གིས་ཀྱང་དམར་ཟས་ལ་མ་རོལ་ན་འཚོ་ཐབས་དཀའ་ཚུལ། དེ་ལས་ཀྱང་རྣམ་གསུམ་དག་པའི་ཤ་ནི་ཇི་འདྲ་སྤྱད་ཀྱང་སྔོ་ཚོད་ཟ་བ་དང་དགེ་སྡུག་གང་གི་ཕྱོགས་ནས་བལྟས་ཀྱང་ཁྱད་པར་སྤུ་ཙམ་མེད་པའི་སྐོར་ནས་དམར་ཟས་ལ་དགའ་མཁན་ཚོ་ལ་ལུང་བ་གང་དང་གཞོང་བ་དོ་བཤད་རྒྱུ་ཡོད་སྐད།


འོ་ན།  དོན་དངོས་སུ་དེ་འདྲ་ཞིག་ཡིན་མིན་ང་ཚོས་གཞི་ནས་དཔྱད་དགོས་པ་ཞིག་འདུག དཔེར་ན་དཀར་ཟས་ལ་བརྗོད་པའི་སྐྱོན་དང་པོ་སྟེ། དཀར་ཟས་ཁོ་ནར་རོལ་ན་ལུས་སྟོབས་ཇེ་ཞན་ལ་བུད་འགྲོ་ཞེས་པ་བདེན་པ་ཡིན་ནམ། ཞིབ་ཏུ་བལྟས་ན་དེ་ནི་ཧ་ལས་པའི་བསམ་གཞིགས་སྔོན་དུ་མ་སོང་བའི་སྐད་ཆ་རང་རེད། རྒྱུ་མཚན་དཀར་ཟས་རྐྱང་བ་ཙམ་དུ་མ་ཟད་རྩྭ་རྩི་ཤིང་ཁོ་ནར་རོལ་བས་ཀྱང་ལུས་སྟོབས་ཇེ་ཞན་དུ་མི་འགྲོ་བའི་དཔེ་མཚོན་མང་བོ་ཡོད། དཔེར་ན་ང་ཚོའི་ཕ་མེས་ཡང་མེས་ནས་བཟུང་འཚོས་ཡོང་བའི་འབྲོག་པའི་འཚོ་རྟེན་ཉག་གཅིག་སྟེ་རྟ་ནོར་ལུག་གསུམ་ཡིན་ན་དུས་རྣམ་ཀུན་ཏུ་རྩྭ་ཆུ་ཁོ་ན་སྤྱད་དེ་འཚོ་སྡོད་བྱེད་ཀྱིན་ཡོད་མོད། ང་ཚོའི་མདོ་དབུས་མཐོ་སྒང་གི་རྟ་ནོར་ལུག་གསུམ་ལ་ལུས་སྟོབས་དང་ཤ་ཤེད། བརྗིད་ཉམས་དང་གཟུགས་གཞི་སོགས་ཕྱོགས་གང་ཐད་ནས་གཞན་དང་མི་འདྲ་བའི་ཁྱད་པར་དམིགས་བསལ་བ་ཞིག་ཡོད་པར་སུ་ཡིས་བསྙོན་ནུས། མདོར་དེད་ན་་རྟ་ནོར་ལུག་གསུམ་གྱིས་རྩྭ་ཟས་ན་ལུས་སྟོབས་མི་ཞན་པ་མ་ཟད་ལྷག་པར་འཕེལ་ནུས་ན། ང་ཚོ་མིའི་རིགས་ཀྱིས་འཚོ་བཅུད་ལྡན་པའི་དཀར་ཟས་ལ་རོལ་ན་ཅི་ཞིག་ལ་ལུས་སྟོབས་ཞན་འགྲོ་བ་ཡིན།  དེ་བས་དཀར་ཟས་ལ་རོལ་ན་ལུས་སྟོབས་ལ་གནོད་ཅེས་པ་ཡང་དམར་ཟས་ལ་དགའ་མཁན་ཚོའི་སྒྲུབ་བྱེད་ཅི་ཡང་མ་མཆིས་པའི་ལབ་རྡོལ་ཙམ་མོ།།


གཉིས་པ། སྟོན་པས་དངོས་སུ་དམར་ཟས་གནངས་ཡོད་ཟེར་ན།  སྟོན་པས་དངོས་སུ་དམར་ཟས་བཀགས་ཀྱང་ཡོད་པས་སྟོན་པས་གསུངས་པའི་མདོ་རྒྱུད་དང་གཞུང་གོང་འོག་ཕན་ཚུན་གོང་བསྒྲིགས་ཏེ་མཐར་ཐུག་གི་དགོངས་དོན་གང་དུ་གནས་མིན་ལ་དཔྱད་པ་ལས་སྔ་ཆད་གཞུག་རྡུམ་གྱི་ལུང་རེ་དྲངས་པས་བསྒྲུབ་པར་དཀའོ།།


གསུམ་པ།  ང་ཚོའི་ཁོར་ཡུག་གི་རྐྱེན་གྱིས་དམར་ཟས་ལ་མ་རོལ་ཐབས་མེད་ཡིན་ཟེར་བ་ཡང་། སྔོན་ཆད་ཐབས་ཆག་གི་འཚོ་བའི་དུས་སྐབས་སམ་སྐྱ་ཟད་སྔོ་སྡུག་གི་དུས་སྐབས་ཀྱི་སྐད་ཆ་ཞིག་ལས་དེང་དུས་འདིར་ཁོར་ཡུག་དང་འཚོ་བའི་ཆ་རྐྱེན་གང་གིས་ཆ་ནས་བསམས་ཀྱང་ལྷག་པར་དཀར་ཟས་ལ་རོལ་བའི་དུས་སྐབས་ལ་བསླེབས་ཡོད་པ་དང་དཀར་ཟས་ལ་རོལ་བའི་མཐུན་རྐྱེན་ཡོངས་སུ་ཚོགས་པའི་དུས་ཡིན་པ་ཤེས་པར་གྱིས།


བཞི་བ།  རྣམ་གསུམ་དག་པའི་ཤ་ནི་ཅི་འདྲ་སྤྱད་ཀྱང་སྔོ་ཟས་དང་འདྲ་བར་བསམ་པ་དེ་ཡང་ཚད་བརྒལ་གྱི་འདོད་ཚུལ་ཙམ་ཡིན། རྣམ་གསུམ་དག་པ་ཇི་འདྲ་ཡིན་ཡང་ཤ་ཞིག་ཡིན་པ་ནས་བཟུང་རང་གི་ཟ་འཐུང་ཙམ་གྱི་ཆེད་དུ་མགོན་མེད་སྐྱབས་མེད་ཀྱི་ཉམ་ཆུང་དུད་འགྲོ་རིགས་ལ་འཚོ་གནས་ཀྱི་རང་དབང་མ་སྤྲད་པར་བཙན་གྱིས་ཁོ་ཚོའི་གཅེས་པའི་ཚེ་སྲོག་འཕྲོག་པའི་ལས་ཤིག་བྱས་པར་གདོན་མི་ཟ་བས།  གང་ཟག་ཅིག་གི་དགའ་སྡུག་གི་ཚོར་བར་ཐད་ཀར་འབྲེལ་བའི་ཤ་ཁྲག་ནི་སྔོ་ཚོད་དང་བསྡུར་བ་ཡང་ཅི་འདྲའི་ཐབས་སྐྱོ་བ་ལ་ཨང་།

མདོར་ན་འདི་འདྲའི་དཀར་ཟས་ཀྱི་ཕྱོགས་ལ་བཟུང་བའི་ལྟ་ཚུལ་ཉེས་སྐྱོན་ཀྱི་དྲི་མས་སྤགས་པ་དག་རིང་དུ་སྤངས་ཏེ་དཀར་ཟས་ཀྱི་དོན་དངོས་ཀྱི་དགེ་མཚན་བསམ་པར་གནད་དུ་ཆེ།

  གསུམ་པ།  དཀར་ཟས་ཀྱི་དགེ་མཚན།

དཀར་ཟས་ཀྱི་དགེ་མཚན་ནི་ང་ལྟ་བུ་ཞིག་གིས་དཔྱད་པས་མི་ཟིན་ཅིང་བརྗོད་ཀྱང་མི་ནུས་མོད།  གོ་ལོ་ཐོས་ལོ་ཞིག་གི་སྒང་ནས་རང་བློར་འཆར་བའི་དགེ་མཚན་མདོ་ཙམ་བརྗོད་ན།  ན་ཚ་ཉུང་ཞིང་བདེ་ཐང་ལྡན་པ། ལུས་ཕུང་ཡང་ཞིང་རྣམ་རིག་གསལ་བ།  རྒས་པ་དལ་ཞིང་ཚེ་ཐག་རིང་བ། ཁྲག་རྒྱུན་དྭངས་ཤིང་མདངས་དང་ལྡན་པ་སོགས་ནི་ཡོངས་སུ་གྲགས་པའི་དཀར་ཟས་ཀྱི་དགེ་མཚན་ཐུང་མོང་ཡིན་ལ། དཀར་ཟས་སྤྱད་པས་དགེ་མཚན་ཆེས་གཙོ་ཤོས་ནི། ཉམ་ཆུང་དུད་འགྲོས་མཚོན་པའི་སེམས་ཅན་མཐའ་ཡས་པ་ལ་འདྲ་མཉམ་གྱི་སྒང་ནས་འཚོ་གནས་ཀྱི་རང་དབང་སྤྲད་པ།  གཞན་གྱི་ཚེ་སྲོག་ལ་གཅེས་པ། འབུ་སྲིན་གྲོག་མ་ཚུན་ཆད་ཀྱི་བདེ་སྡུག་སྣང་མེད་དུ་མ་བཞག་པ། མདོར་ན་ནང་བསྟན་གྱི་དགོངས་པ་མཐར་ཐུག་སྟེ་སྤྱོད་པ་འཚེ་བ་མེད་པའི་ལྟ་གྲུབ་ལ་དོན་དངོས་སུ་གནས་ཐུབ་པ་དེ་ཡིན།  དེ་བས་རང་ཉིད་ནང་བསྟན་གྱི་རྗེས་འཇུག་ཅིག་ཡིན་བསམ་པ་དང་དོན་ངོ་མའི་ནང་བའི་ལྟ་གྲུབ་དང་མི་འགལ་བ་ཞིག་ཡོང་བར་འདོད་ན་ཆོས་ཀྱི་སྙིང་བོ་འཚེ་མེད་སྤྱོད་པའི་ཉམས་ལེན་གཙོ་ཤོས་ཏེ་དཀར་ཟས་ལ་ཅི་ནུས་ཀྱིས་འཇུག་བར་བྱ།  དཀར་ཟས་ལ་འཇུག་པ་ལ་ཡང་ཐབས་ལམ་མི་འདྲ་བ་མང་བོ་ཞིག་མཆིས་པས་དེའི་སྐོར་ཕྱོགས་ཙམ་བསྙད་ན།

བཞི་བ།  དཀར་ཟས་བརྟེན་པའི་ཐམས་ལམ།

ད་བར་དུ་དཀར་ཟས་ཀྱི་དགེ་མཚན་གླེང་བ་དང་དཀར་ཟས་ལ་འཇུག་པར་བསྐུལ་བ་ཡང་མཐའ་གཅིག་ཏུ་དམར་ཟས་སྤངས་ཏེ་དཀར་ཟས་ལ་ཕྱོགས་དགོས་ཟེར་བ་མ་ཡིན་པར་ཐམས་ལམ་སྣ་ཚོགས་ཚོགས་ཤིག་གི་སྒང་ནས་བསམ་དགོས་པར་འདུག  དེ་ཡང་ཐོག་མར་དཀར་ཟས་ལ་འཇུག་མཁན་ཞིག་ཡིན་ཚེ་གོང་དུ་བརྗོད་ཟིན་པའི་དཀར་ཟས་བརྟེན་པའི་དགེ་མཚན་ཡང་ཡང་བསམ་པ་དང་ལྡོག་ཕྱོགས་དཀར་ཟས་ལ་བཟུང་བའི་ལྟ་ཚུལ་མི་ལེགས་པ་དེ་དག་དོན་དངོས་སུ་ནོར་འཁྲུལ་རྐྱང་བ་ཞིག་ཡིན་པར་ངེས་ཟིན་ཐོབ་པར་བྱེད་དགོས་པ་འདྲ།  དེ་ལྟར་ཡང་ཡང་དཀར་ཟས་ཀྱི་དགེ་མཚན་བསམ་རྒྱུར་གོམས་པ་ཡིན་ན་ནམ་ཞིག་དངོས་སུ་སེམས་པའི་གཏིང་རིམ་ནས་དཀར་ཟས་ཕྱོགས་ལ་སྤྲོ་བ་དམིགས་བསལ་བ་ཞིག་འབྱུང་བར་གོར་མ་ཆག མ་ཟད་ལས་དང་པོ་བ་ཚོས་ཐོག་མར་དུས་ཆེན་ཁག་ལ་དཀར་ཟས་སྤྱོད་པ།  ཡང་ན་ཉིན་གཉིས་གསུམ་རེ་ལ་དམར་ཟས་སྤངས་པ། གང་ལྟར་དང་ཐོག་ཆེས་ཆུང་ས་ནས་འགོ་བརྩམས་ཏེ་རིམ་བཞིན་ཇེ་ལེགས་ཇེ་རྒྱས་སུ་གཏོང་རྒྱུ་གལ་འགངས་ཆེ། ལྷག་པར་དམར་ཟས་ལ་རོལ་སྐབས་སུ་རང་གིས་ལོངས་སུ་སྤྱོད་ཀྱིན་པ་ནི། ཉམ་ཆུང་དུད་འགྲོ་ཚོའི་གཅེས་ཤིང་ཕངས་པའི་ཤ་ཁྲག་ཡིན་པ་དང་གཞན་གྱི་ཚེ་སྲོག་རང་དབང་མེད་པར་འཕྲོག་སྟེ་རང་ཉིད་ཀྱི་ཁ་ཟས་སུ་སྤྱོད་ཀྱིན་ཡོད་པ། རང་ཉིད་ནི་གཞན་གྱི་བདེ་སྡུག་ལ་ཅི་ཡང་མི་བསམ་པའི་གཅན་གཟན་ལྟ་བུ་ཞིག་ཏུ་འགྱུར་གྱིན་ཡོད་པ། གལ་སྲིད་རང་ཉིད་ཀྱི་ཤ་ཁྲག་གཞན་གྱིས་བག་མེད་དུ་ལོངས་སུ་སྤྱོད་རྒྱུའི་དབང་དུ་བཏང་ན་རང་ཉིད་ལ་བཟོད་གླགས་བྲལ་བའི་སྡུག་བསྔལ་ག་འདྲ་སྐྱེ་བ་སོགས་ལ་ཡང་ཡང་བསམ་གྱིན་དམར་ཟས་ཀྱི་ཉེས་དམིགས་སྒོམ་པ་ཡིན་ན་དཀར་ཟས་ལ་འཇུག་པའི་འདུན་པ་ཇེ་ཆེ་ནས་ཇེ་ཆེར་འགྲོ་བར་ཐེ་མི་ཚོམ།


མདོར་ན་ད་བར་དུ་ཚན་པའམ་ས་བཅད་བཞི་ལྟ་བུ་ཞིག་གི་སྒང་ནས་དཀར་ཟས་ཕྱོགས་ལ་རང་ཉིད་དཀར་ཟས་པ་ཞིག་ཡིན་པའི་ཆ་ནས་སྤོབས་པ་མཐོ་རུ་བཏེགས་ཏེ་རང་ཉིད་ཀྱི་མྱོང་ཚོར་དངོས་གཞིར་བཞག་ཐོག་མགོ་རྔ་ཐུག་མི་ཐུག་གི་མོལ་མཆིད་སྣ་ཚོགས་ཤིག་བགྱིས་པའི་དམིགས་ཡུལ་གཙོ་བོ་ཡང་།  བསམ་པ་རྣམ་དག་གམ་ལྷག་བསམ་གཙང་མ་ཞིག་གི་ཀུན་ནས་བསླངས་ཏེ་དཀར་ཟས་ཀྱི་ཕྱོགས་ལ་རང་གི་འཇོན་ཚོད་ཀྱིས་རེ་བ་ཕྲན་བུ་རེ་བཏོན་པའི་ཁུལ་དང་སེམས་སྟེང་ནས་མགོན་སྐྱབས་དང་དཔུང་གཉེན་བྲལ་བའི་ཉེས་མེད་ཀྱི་ཉམ་ཆུང་དུད་འགྲོ་ཚོའི་མགྲིན་ཚབ་པ་ལྟ་བུ་ཞིག་གི་ཚུལ་བྱས་ཏེ་དཀར་ཟས་ཕྱོགས་ལ་བཤད་པའི་ཁ་གསལ་ཞིང་གོ་བདེ་བའི་འབོད་སྐད་གཙང་མ་ཞིག་ཀྱང་ཡིན།  རེད་དེ།  འབྲི་སྟངས་ཀྱི་ཆ་ནས་ཚིག་སྦྱོར་མི་ལེགས་པ། གོ་རིམ་འཆོལ་བ།  དོན་གནད་མ་རེག་པའི་ཆ་སོགས་ཉེས་སྐྱོན་ཅི་རིགས་ཤིག་ཡོང་ངེས་པས་དེའི་རིགས་ལ་མཁྱེན་དཔྱོད་ཡངས་པའི་ཀློག་པ་པོ་ཚོའི་སྤྱན་སྔར་ཡང་ཡང་བཟོད་གསོལ་ཞུ།


མཐར་རང་སྲོག་ལ་གཅེས་པ་འདྲ་ཞིང་བདེ་སྡུག་གི་ཚོར་བ་གཅིག་པའི་ཉམ་ཆུང་དུད་འགྲོ་ཚོར་འཚོ་གནས་ཀྱི་རང་དབང་ཡོངས་སུ་ཐོབ་སྟེ་ཡོད་ཚད་དཀར་ཟས་ཀྱི་ལམ་མམ་དོན་དངོས་ཀྱི་འཚེ་མེད་ཞི་བའི་ལམ་དུ་བསྐྱོད་པར་སྨོན་ལམ་དང་གསོལ་འདེབས་ཡང་ཡང་བགྱིའོ།།

སོག་རྫོང་ལྭ་ཁ་དགོན་པའི་དཀོན་མཆོག་རྒྱ་མཚོ་ནས་སྤྱི་ལོ་ཟླ་ཚེས་བཟང་བོར་བྲིས་པ་དགེའོ།།

推荐阅读更多精彩内容