གདོང་སེར་ཀླུ་དཔོན་གྱི་ལོ་རྒྱུས་དངུལ་དཀར་མེ་ལོང་།

མེས་དབོན་རྣམ་གསུམ་རྒྱལ་གྱུར་ཅིག

གདོང་སེར་ཀླུ་དཔོན་གྱི་རུས་བཤད་དངུལ་དཀར་མེ་ལོང་།

         

བླ་མེད་ཐུགས་བསྐྱེད་ཟབ་ཅིང་བརླིང་བའི་རྒྱ་མཚོའི་འཇིང་གི་ཕང་བ་རུ།  །

རྒྱ་ཆེན་ཚོགས་གཉིས་རིན་ཆེན་དཔྱིད་ཀྱིས་ལེགས་པར་གཏམས་པའི་དཔལ་མངའ་བ། །      སྡེ་བཞི་ཁ་འབབ་ཀླུང་ཆེན་བཞི་ཡི་མི་ཟད་གཏེར་སྒོ་ལྗོངས་འདིར་ཕྱེས།  །

བྷོ་ཊའི་ལྷ་གཅིག་མིག་མི་འཛུམ་པ་མ་ཕམ་གཡུ་མཚོ་རྒྱལ་གྱུར་ཅིག  །

མཐའ་བཞིའི་རྒྱལ་ཁབ་བཙན་བརྗིད་བཀའ་ཡིས་བསྐྱངས།  །

        ལུགས་གཉིས་དཔལ་གྱི་ལེགས་ཀུན་གྲོགས་སུ་བཀུག  །

        མི་ཡི་རྣམ་པར་ལྷ་ཡི་འཕྲུལ་མངའ་བ།  །

        འཛམ་གླིང་དབང་དུ་སྒྱུར་བའི་སྲོང་བཙན་རྗེ།  །

        འཛམ་གླིང་རྒྱ་ཕིགས་གངས་ཀྱི་ལྟོ་བ་ནས།  །

          སུམ་གཉིས་ས་ལ་དབང་སྒྱུར་གདོང་ལྔ་པས།  །

        དྲག་ཏུ་ངར་སྒྲ་སྒྲོག་པའི་དབལ་ཟིལ་གྱིས།  །

          དབང་ཕྱོགས་མཁའ་སྦྲུལ་དེ་ཡང་ས་རུ་བརྡབ།  །

           

          དྲག་པོའི་འོད་ཀྱིས་གཞན་ཟིལ་ཀུ་མུད་ཟུམ།  །

              ཞི་བའི་མདངས་ཀྱིས་རང་གཞན་བདེ་ཀུན་མཛུམ།  །                         

          གཞར་ཡང་གཟིམ་མེད་རྡོ་རིང་རྣམ་གསུམ་འཚེར།  །                         

          སྲིད་མཐར་སྙིང་ན་གསོན་ངེས་སྲིད་པའི་མིག  །

            ལུགས་ཟུང་བ་དན་སྒྲེང་ལ་ཟླ་མེད་པ།  །

            ཡེ་ཤེས་འོད་དང་ལྷ་བླ་བོན་པོ་དང་།  །

            ཚེ་དབང་རྒྱལ་དང་དབོན་དཀར་ཁྲོ་བོ་རྒྱ།  །

            སྟག་ལ་མགོན་སོགས་བརྒྱུད་པར་བཅས་ལ་གུས།  །

            ལུགས་གཉིས་དཔལ་གྱི་ཁྲི་ལ་འགྱིང་བ་ཡི།  །

            མདོ་ཁམས་མི་རྗེའི་ཐོག་མ་ལྷ་ཉིད་ལ།  །

            སྲུང་མ་ཐོག་འདྲ་དགྲ་བླ་ཡེ་བརྫུ་བཅས།  །

            སྤྱི་བོར་ཅོད་པན་རྒྱན་དུ་འཆང་ལ་སྤྲོ།  །

              སྨུག་པོ་གདོང་གི་ས་བོན་ཞིག  །

                  སེར་པོ་སོག་གི་ཞིང་སར་བཏབ།  །

                  ཀླུ་ཡིས་གྲུ་ཆར་འཐོར་བ་ལས།  །

                  གདོང་སེར་ཀླུ་ཡི་སྙེ་མ་རྒྱས།  །

                 

དར་ཧན་ཧོར་འདྲའི་ཐེམ་སྐས་ལས།  །

                  དཔོན་གྱི་ཁྲི་ལ་འགྱིང་བ་ཡི།  །

              ཇས་སང་སྐུ་ལུས་བརྗིད་པ་ལ།  །

                  ལྟ་བའི་མེ་ལོང་འདི་ན་བཤམ།  །

ཞེས་བཀྲ་ཤིས་པའི་ཐོག་མའི་ཚིག་གིས་མདུན་ལེགས་པར་བསུས་ཏེ་གང་གླེང་བ་བྱ་བ་ནི།  ཇི་སྐད་དུ་ལྷོ་བྲག་གྲུབ་ཆེན་ལས་ཀྱི་རྡོ་རྗེས།  མྱི་རྒྱུད་ལྷ་ལ་ཐུག་པ་ཆུ་རྒྱུད་གངས་ལ་ཐུག་པ་ཞེས་བོད་འདིར་རིགས་རུས་ཆོ་འབྲང་ལ་ནན་ཏན་གཙིགས་ཆེ་ཕྱིར་ཞེས་གསུངས་པ་ལྟར་བཙན་པོའི་དུས་ནས་བཟུང་སྟེ། ད་ལྟའི་བར་དུ་བཟང་ལ་དཔའ་དར་གནང་ནས་བཟང་པོ་ཇེ་མང་དང་།  ངན་ལ་སུན་འབྱིན་བྱས་ཏེ་ངན་པ་ཇེ་ཉུང་དུ་གཏོང་བའི་སྲོལ་རྒྱུན་རིག་གནས་ཀྱི་སྙིང་སྟོབས་ཤིག་དང་།  གཞན་ཡང་རླངས་ཀྱི་པོ་ཏི་བསེ་རུ་ལས།

མི་ཡི་རང་གི་སྐྱེས་རྒྱུད་མ་ཤེས་ན།  །

ནགས་གསེབ་རང་གར་རྒྱུ་བའི་སྤྲེལ་འཁྱམ་འདྲ།  །

རིགས་རུས་ཆོ་འབྲང་གང་ཡིན་མ་ཤེས་ན།  །

གཡུ་འབྲུག་ཟོལ་མ་བཅས་ཀྱི་དབྱིབས་དང་འདྲ། །

ཞེས་སྐྱེས་པའི་མི་ལ་རང་གི་རབས་མ་ཤེས་ན་ནགས་འདབས་ནས་རང་གར་འགྲོ་བའི་སྤྲེལ་འཁྱམ་དང་འདྲ་ཞིང་།  རང་གི་རིགས་རུས་གང་ཡིན་མ་ཤེས་ན་རི་མོས་བཞེངས་པའི་གཡུ་འབྲུག་བཅོས་མ་དང་མཚུངས་ཞེས།  ཡུམ་གྱི་རིགས་དང་ཡབ་ཀྱི་རུས་སོོགས་གང་ཡིན་གསལ་བོར་ཤེས་དགོས་པའི་བསླབ་བྱར་བསྟན་པ་ལགས་ན།  གདོང་སེར་ཀླུ་དཔོན་གྱི་རུས་ཀྱི་བྱུང་བ་འཤད་པ་ནི་རང་མི་རིགས་ཀྱི་གཙིགས་སུ་འཛིན་པའི་གོམས་གཤིས་དང་།  སྲོལ་རྒྱུན་རིག་གནས་ཀྱི་རྒྱུད་འཛིན་ཞིག་ལས་མ་འདས་པས། རྒན་པའི་ངག་ལས་ཐོན་པའི་ངེས་པའི་སྒྲོས་ཀྱིས་གཞིར་བཟུང་།  དངོས་ཡོད་དཔང་རྟགས་བཙན་པོས་རྒྱབ་སྐྱོར་ནས་བཆད་པར་བྱ་བའོ། །

འདིར་དེ་ཡང་མདོ་ཁམས་སྒང་དྲུག་ཏུ་བགོས་པའི་ཡ་གྱལ་འབྲི་ཆུའི་ནུབ་དང་ཟླ་ཆུའི་ཤར་གྱི་ས་ཆ་འབྲི་ཟླ་ཟལ་མོ་སྒང་གི་ཆར་གཏོགས། སྨར་ཁམས་ཀེ་རེ་ལྷ་སྒང་བདག་གིར་བཟུང་པའི་རྒྱལ་པོ་མི་ཡི་ལྷ་ཉིད་མདོ་ཁམས་མི་རྗེའི་ཐོག་མ་རུ་བྱོན་པར་གྲགས་པའི་ལྷ་ཐོག་རྒྱལ་པོའི་འབངས་ལས།  རྒྱལ་པོའི་ཁབ་ཀྱི་བྱང་ཕྱོགས་ཀེ་ཀླུང་སྔོ་མོ་དལ་གྱིས་རྒྱུ་བའི་ཉེ་འགྲམ་གྱི་ས་གཞི་ལ།  ཇི་སྐད་དུ། སྨན་རག་དཀར་རྡོ་རྗེ་འཕྲེད་ཉལ་ལ།  རྒྱ་སྟག་ཚང་ནས་ལངས་འདྲ་ཡོད་ཅེས་བཤད་པ་ལྟར་རྒྱབ་རི་ལ་དགེ་མཚན་དང་རྔམ་བརྗིད་ཆེ་བ། གཡས་རི་མ་མཁའ་འགྲོའི་ཚོགས་འཁོར་བཤམ་འདྲ།  གཡོན་རི་ལ་རྟ་མཆོག་དང་དྲེལ་གྱི་རང་བྱོན་ཡོད་པ།  གདོང་ལྔས་བཏེག་པའི་གསེར་ཁྲི་འདྲ་བ།  མདུན་རི་དཔོན་པོས་བཀའ་བཀོད་གནང་འདྲ།  ཤར་སྟག་སྐྱ་བོ།  ལྷོ་གཡུ་འབྲུག་སྔོན་མོ།  ནུབ་བྱ་དམར་མོ།  བྱང་རུས་སྦལ་རྒྱལ་པོ་བཅས་ཀྱི་སྲུང་བཞི་བཀྲ་བ།    ཤར་ཕྱེས།  ལྷོ་སྤུངས།  ནུབ་མདན།  བྱང་ཡོལ་བ་བྲེས་འདྲ།  ཐབས་ཀྱི་གཞུ་མོ་དང་ཤེས་རབ་ཀྱི་མདའ་མོ་རང་གྲུབ་ཏུ་ཡོད་པ་སོགས་ཀྱིས་ས་གཞི་ལ་དགོས་པའི་ཡོན་ཏན་ལྷུན་གྱིས་གྲུབ་པའི་སྨན་མདའ་ཞེས་པའི་ཞིང་ཁམས་དེ་རུ་སེར་ཀླུ་ཚང་གཏན་ཆགས་ནས།  གཞིས་ལ་མཁར་བརྩིགས།  ཐང་ལ་ཞིང་རྨོས།  རི་ལ་ཕྱུགས་འཚོས་ཏེ་བསྐལ་པའི་རྨིང་རྡོ་བཞག 

དེ་ལ་གདོང་སེར་ཀླུ་དཔོན་གྱི་རུས་ཀྱི་བྱུང་བ་བཤད་ན།  གདོང་དང་སེར་དང་ཀླུ་ཡི་རུས་ཚན་མི་འདྲ་བ་གསུམ་ལས་རིམ་གྱིས་བྱུང་བར་བཤད་(“སྟག་ལྷས་ཞལ་དངོས་སུ་གཟིགས་ཏེ།  ཁྱོད་ཀླུ་མི་མགོན་དཀར་པོའི་སྲས་ཡིན”ཞེས་དངོས་སུ་ལུང་བསྟན་པའི་ལུས་ལ་གྲིབ་མ་མེད་ཅིང་མདངས་དུང་ལྟར་དཀར་བའི་དབོན་དཀར་ཁྲོ་བོ་རྒྱལ་མཚན་ཞེས་པའི་སྐྱེས་བུ་དེའི་རིགས་རྒྱུད་ཡིན་པར་གྲགས།  ཞིབ་པར་《ཀླུ་བསེའི་རུས་བཤད་ཡ་རབས་གཏམ་གྱི་གོང་རྒྱན》ལ་གཟིགས་པར་འཚལ།) པའི་རྒན་པའི་ངག་གི་སྒྲོས་བཞིན་བཀོད་ན།  ཀླུ་མི་མགོན་དཀར་པོ་རིགས་ལས་འཁྲུངས་པར་བཤད་པའི་ཀླུ་རྒྱལ་འབུམ་ཞེས་པའི་མེས་པོ་དེ་ལས་རིམ་བཞིན་བྱུང་བར་གྲགས་ཏེ།    ཀླུ་རྒྱལ་འབུམ་ཞེས་འཐབ་ན་དཔའ་དྲིས་ན་བློ་སོགས་ཕོ་རྩལ་སྣ་དགུ་འཛོམས་པའི་ཡབ་མེས་དེ་དང་སོག་པོའི་བུ་མོ་ཞིག་དང་ལྷན་དུ་གཉེན་སྒྲིག་བྱས་པའི་མི་རྒྱུད་ལ།  མ་རིགས་སེེར་པོ་ཧོར་རམ་སོག་པོ་ལས་ཆད་ཅིང་ཕ་རུས་ཀླུ་ལས་བྱུང་བའི་རིགས་རུས་ཀྱི་མཚན་ནས་གྲས་ཏེ་སེར་ཀླུ་ཞེས་པའི་མིང་དེ་ཐོགས་པར་བཤད།  དེ་གཉིས་ལ་བུ་བསེ་ལྷ་འབུམ་བལྟམས་ཤིང་དེ་ལ་སྲས་གཡུང་དྲུང་དཔལ་ལྡན་དང་སྲས་མོ་ནམ་མཁའ་མཚོ་གཉིས་འཁྲུངས། ནམ་མཁའ་མཚོ་སོག་དམག་ཅིག་ལ་གཉེན་སྒྲིག་བྱས་ཏེ་སྡེ་དགེ་ལ་སོང་ནས་ཁྱིམ་བཞིས་ཆགས་པར་བཤད། གཡུང་དྲུང་དཔལ་ལྡན་གྱིས་ཕ་ཤུལ་བུ་འཛིན་བྱས་ནས་ཁྱིམ་བཞིས་བསྐྱངས་ཏེ་བཀྲ་ཤིས་མཚོ་དགྱེས་བག་མར་བསུས་པ་ལ་སྲས་ཁྲོམ་དགྱེས་འཁྲུངས།  ཁྲོམ་དགྱེས་ཀྱི་བུ་ལྟག་ལྷ་བཀྲ་ཤིས་ཀྱི་རྒྱུད་སེར་ཀླུ་གསེར་འབུམ་དུས་སུ་ཀེ་ཆུ་རྒྱུད་འདི་ཁམས་ལྷ་ཐོག་རྒྱལ་པོའི་མངའ་འབངས་སུ་གྱུར། སྐབས་དེ་དུས་སེར་ཀླུ་ཚང་ཁྲལ་མེད་དར་ཧན་དང་།  སེར་ཀླུ་གསེར་འབུམ་གྱིས་མང་ཚོགས་འདིའི་བདེ་མིན་ལ་ཇུས་གཏོགས་བྱས་ཏེ།  གནས་ཚུལ་ཆེ་ཕྲ་དག་མི་རྗེ་ལྷ་ཐོག་རྒྱལ་པོ་ལ་ཡར་སྙན་གསན་ཕུལ་ཞིང་། མར་བཅའ་བཀོད་གང་བྱུང་ས་གནས་འདིར་སྒྲོག་པའི་ལྷ་ཐོག་གཞུང་གི་སྐུ་ཚབ་བང་ཆེན་གྱི་འགན་བཞེས་ནས་ཧོར་འདྲའི་ཐོབ་ཆ་བླངས།

ཡུལ་འདི་ལྷ་སྡེ་གཉིས་ང་བདག་རྩོད་འཐེན་བྱེད་པའི་ས་གནས་ཤིག་ཡིན་གཤིས། སྐབས་རེ་སྡེ་དགེའི་མངའ་ཁོངས་སུ་བསྡུས་ནས་སྡེ་དགེ་ཚང་ལ་ཁྲལ་འཇལ་དགོས་པ་དང་།(ཕྱིས་ཀླུ་མགོན་གྱི་དུས་སུ་ཡང་། སྨན་སོག་དཔོན་སྔར་ནས་ད་བར(ངེད་སྡེ་ལྷ་གོང་དཔོན་ལ)ལྷག་བསམ་མ་འགྱུར་བ་དང་།  སྟོད་ནས་དབུས་ལམ།  སྨད་ནས་ཚྭའུ་སོགས་གང་ཅིའི་སྔར་རྒྱུན་ཞབས་ཞུ་བསྒྲུབ་མཁན།  གནས་དུས་ཀྱི་འཕོ་འགྱུར་གང་ཆེས་སྡེ་ཡུལ་བརྡབ་བསིག་སོགས་བྱུང་འདུག་ནའང་།  ཞེས་དང་།  དཔོན་ཀླུ་མགོན་ནས་སྔར་ཚུགས་གང་ཡོད་དྲང་ལམ་གྱིས་སྡེ་ཡུལ་མཆོག་དམན་ལ་བཅའ་བཀོད་གང་བྱུང་མགོ་འོག་ལུས་ཆུད་ཀྱི་ཁར་ཉན་ངག་འཕྲི་ཚུལ་བཞིན་དགོས་ཤིང་། ཞེས་སྨན་སོག་ཤོག་གི་དཔོན་ཇས་ཀླུ་མགོན་ལ་སྡེ་དགེ་ཚང་གིས་གོ་རྒྱུ་ཚིག་དང་དམིགས་བསལ་གྱི་ཆེ་མཐོང་དང་བཀའ་ཤོག་སྡིག་དམར་དུ་མ་གནང་བ་དེ་ཡང་གནད་དོན་འདི་ཡི་རྒྱུན་འཕྲོ་བསྐྱང་བ་ཡིན།)མཚམས་རེ་ལྷ་ཐོག་རྒྱལ་པོའི་མངའ་འབངས་སུ་བཅད་ནས་ལྷ་ཐོག་ཚང་ལ་ཁྲལ་འབུལ་དགོས་པར་མ་ཟད  ཐེངས་རེ་ལྷ་སྡེ་གཉིས་ཀ་ལ་ཁྲལ་འཇལ་དགོས་པའི་ཁྲལ་ཉིས་བརྩེགས་ཀྱི་དཀའ་ངལ་སོགས་ལ་བརྟེན་ནས།  སེར་ཀླུ་གསེར་འབུམ་གྱི་རྒྱུད་ཀླུ་དགྱེས་ཀྱིས་སྨན་སོག་ཤོག་གི་མགོ་ཁྲིད་དེ་སྡེ་དགེའི་ཤོ་ལས་ཚན་པའི་མི་སྣ་དག་ལ།    སྐབས་རེ་གནམ་རྡིབ་ནས་ཁྲལ་འབུལ་རྒྱུ་མེད་རབས་དང་།  མཚམས་རེ་ཁྲལ་འཇལ་དགོས་པའི་མངའ་ཁོངས་མིན་པའི་གྱོད་བཤད་ནས་ཕོག་ཐུག་མང་དུ་བཏང་བ་ལ་བརྟེན།  སེར་ཀླུ་མི་རྒྱུ་བཅས་ལ་ཉམས་གུད་ཚབས་ཆེན་ཐེབས། 

དེ་ནས་སེར་ཀླུའི་ཀླུ་དགྱེས་ལྷ་ཐོག་རྒྱལ་པོའི་མདུན་དུ་ཕྱིན་ཏེ།  སྨན་སོག་ཤོག་འདི་ལྷ་ཐོག་རྒྱལ་པོའི་འབངས་རྣལ་མར་བསྐྱང་དགོས་པའི་རེ་ཞུ་ཕུལ་བ་བཞིན།  ལུགས་གཉིས་ལ་མཁྱེན་རྒྱ་ཡངས་པའི་མི་རྗེ་ལྷ་ཐོག་རྒྱལ་པོས་ཀྱང་ཀླུ་དགྱེས་གཙོས་པའི་སྨན་སོག་ཤོག་གི་བདེ་སྡུག་ཕྲག་ཏུ་བཞེས་ཏེ་འབངས་རྣལ་མར་བསྐྱང་བར་མ་ཟད།  ཀླུ་དགྱེས་གཙོས་པའི་སེར་ཀླུའི་མི་རྒྱུད་ཀྱིས་ཇི་སྲིད་བསྐལ་བའི་བར་སྨན་སོག་ཤོག་གི་དཔོན་ཐོབ་གཟུང་དགོས་པའི་ཐོབ་ལུང་གནང་བ་ནས་བཟུང་།(“ལྕགས་འབྲུག་ཟླ་བ་༤ཚེས་༢༡ལ་དཀར་ལེགས་ཕོ་བྲང་ནས”བསྩལ་བའི་བཀའ་ཤོག་ལས།  ཕ་མེས་ཀྱི་དུས་ནས་བཟུང་འདི་གར་འདུན་གཏད་ཞབས་ཞུ་ལེགས་འགྲུབ་ལ་བརྟེན་ཞེས་སེར་ཀླུའི་མི་རྒྱུད་ཀྱི་ཉེས་ཁྲིམས་ལ་གུ་ཡངས་དང་ལེགས་འགྲུབ་ལ་གཏང་རག་ཆེ་བའི་རྒྱུ་མཚན་ཡང་དེ་ལྟར་ལགས།) སྨན་སོག་ཤོག་འདི་ལྷ་ཐོག་རྒྱལ་པོའི་རྩོད་མེད་ཀྱི་འབངས་རྣལ་མར་གྱུར།  དེ་དུས་སེར་ཀླུའི་ཀླུ་དགྱེས་ཀྱིས་སོག་སེར་པོའི་རྒྱབ་དཔུང་བཙན་པའི་སྡེ་དགེ་ཚང་ལ་ངོ་རྒོལ་བྱས་ཏེ།  ལྷ་ཐོག་ཚང་ནས་སྨན་སོག་ཤོག་གི་དཔོན་ཐོབ་བླངས་པ་ལ་བརྟེན།  སེར་ཀླུ་ཚང་གིས་དཔོན་ཇས་ཀྱི་ཐོབ་ཐང་བླངས་པའི་ཚིག་གཉིས་ཀྱི་ཡ་གྱལ"སོག་སེར་པོ་ལ་བང"ཞེས་པའི་ཚིག་འདི་བྱུང་བར་བཤད་རྒྱུ་ཡོད།

        སེར་ཀླུའི་ཀླུ་དགྱེས་དང་ནོར་བུ་བཟང་མོ་གཉིས་ལ་སྲས་ཀླུ་འབུམ་དང་སྲས་མོ་ཀླུ་མོ་སྒྲོན་གཉིས་ཡོད་པའི་ནང་གི་ཀླུ་འབུམ་རབ་ཏུ་བྱུང་ཞིང་གཙོ་བོ་རི་ཁྲོད་དུ་བཞུགས་ནས་མཚམས་བསྙེན་སྒྲུབ་ལ་ནན་ཏན་གཙིགས་སུ་འཛིན་པ་ཞིག་ཏུ་གྱུར། ཁོང་གིས་སྨན་མདའི་ལྷ་ཁང་ལ་གཙུག་ལག་ཁང་ཞིག་ཀྱང་བཞེངས་པར་གྲགས། སྲས་མོ་ཀླུ་མོ་སྒྲོན་དང་སྨུག་པོ་གདོང་གི་རུས་ཐོབ་གདོང་གསེར་འཕྲུ་ཚང་གི་སྲས་པོ་ཚེ་དབང་རྒྱལ་གཉིས་བཀྲ་ཤིས་པའི་གཉེན་སྒྲིག་གི་དུས་བཟང་དེ་ནས་བཟུང་སྟེ།  གདོང་སེར་ཀླུ་ཞེས་པའི་རིགས་རུས་ཀྱི་དབུ་ཁྱུད་དེ་ཉིད་ལེགས་པར་བྲིས་པ་ལགས།  ཁོང་གིས་སེར་ཀླུའི་མི་རྒྱུད་ཀྱིས་བཟུང་བའི་སྨན་སོག་ཤོག་གི་དཔོན་ཐོབ་དེ་སྔར་བཞིན་རྒྱུན་སྐྱོང་ནས་བཞུགས་ཤིང་།  ལྷ་ཐོག་རྒྱལ་པོའི་འོག་སྡེ་སྨན་སོག་ཤོག་གི་དཔོན་ཐོབ་བཟུང་ནས་བདེ་བར་གནས་ཡོད་པའི་འཕྲིན་ཡིག་ཅིག་རང་གི་ཕ་ཁྱིམ་གདོང་གསེར་འཕྲུ་ཚང་ལ་བསྐུར་བར་བཤད་རྒྱུན་ཡོད་པ་བཞིན།  གདོང་ཚང་གི་མི་རྒྱུད་ལའང་གདོང་ཚང་གི་བུ་གཅིག་ས་ཕྱོགས་འདི་ཤེད་ལ་སོང་སྟེ་དཔོན་ཐོབ་བཟུང་ནས་བདེ་བར་བཞུགས་ཡོད་པའི་འཕྲིན་ཡིག་ཅིག་བསྐུར་ཡོང་བའི་གཏམ་རྒྱུད་དེ་གཉིས་འོ་ཆུ་བཞིན་དུ་གཞི་གཅིག་ཏུ་འདྲེས།

དེ་གཉིས་ལ་སྲས་དཔལ་ལྡན་རྣམ་རྒྱལ་དང་སེར་ཀླུ་ཡུམ་ཆེན་གཉིས་འཁྲུངས་ཤིང་།  དཔལ་ལྡན་རྣམ་རྒྱལ་གདོང་ཚང་དགོན་ལ་རབ་ཏུ་བྱུང་ཞིང་།  རིམ་གཉིས་ལ་བརྩོན་པའི་རྣལ་འབྱོར་པ་དང་ཆོ་ག་ཕྱག་ལེན་ལ་བྱང་ཆུབ་པ་ཞིག་ཏུ་གྱུར།  མཐར་དགུང་གྲངས་ལྔ་བཅུའི་ནང་ཙམ་ཞིག་ལ་སྨན་མདའ་རུ་སྐུ་གཤེགས། སེར་ཀླུ་ཡུམ་ཆེན་གྱིས་དགྲ་འདུལ་གཉེན་སྐྱོང་གི་བྱ་བ་དང་སྨན་སོག་ཤོག་གི་དཔོན་གྱི་ཐོབ་ཆ་བཟུང་ནས་ཁྱིམ་གཞིས་བསྐྱང་།  ཁོང་གི་སྐུ་ཚེའི་སྨད་ཙམ་ཞིག་ལ་ཨ་གྲོ་སྒྲ་རམས་པ་སྲིབ་རྫོགས་ཆེན་དགོན་ནས་རྫགས་ནང་དུ་ཕེབས་པའི་ལམ་ཁ་ནས་སེར་ཀླུ་ཚང་གིས་གདན་དྲངས་ཏེ།  ཞག་བཞུགས་མཛད་ཅིང་བསང་དང་རི་ཁྲུས་ཞུས་པས་ཁོང་གིས་བསང་དང་རི་ཁྲུས་མཛད་པའི་ཞོར་དུ།  སྨན་རག་དཀར་རྡོ་རྗེ་འཕྲེད་ཉལ་ལ།  །རྒྱ་སྟག་མཚོ་ནས་ལངས་འདྲ་གདའ། །ཞེས་དང་། མི་རབས་རེ་ལ་བུ་སྙན་གྲགས་ཅན་རེ་ཡོང་ས་འདུག་ཅེས་ས་བཤད་ཉུང་བསྡུས་ཤིག་གསུངས་ནས་ཕེབས།    སེར་ཀླུ་ཡུམ་ཆེན་དང་གཡུ་སྒྲོན་ལྷ་མོ་གཉིས་ལ་སྲས་བུ་དགྱེས་བཟང་བཙས་ཤིང་། སྐབས་དེ་དུས་རིག་འཛིན་རྣམ་རྒྱལ་རྡོ་རྗེ་འབྲོང་ཡག་དགོན་ལ་ཕེབས་ནས་དགོན་པ་ཉམས་གསོ་མཛད་སྐབས་བུ་དགྱེས་བཟང་གིས་མཆོད་གནས་སུ་བཀུར་ནས་ཞབས་ཕྱི་བསྒྲུབ།

བུ་དགྱེས་བཟང་དང་རིན་ཆེན་མཚོ་མོ་གཉིས་ལ་བུ་གསུམ་ཡོད་པའི་ནང་གི་བུ་འབྲིང་བ་སེར་ཀླུ་གསེས་འབུམ་སྲིབ་རྫོགས་ཆེན་དགོན་ལ་རབ་ཏུ་བྱུང་ནས་བཞུགས། དགུང་ལོ་དྲུག་ཅུ་རེ་ལྔའི་ཐོག་སྲིབ་རྫོགས་ཆེན་དགོན་དུ་དགོངས་པ་རྫོགས།  ཆུང་བ་སེར་ཀླུའི་བུ་ཆུང་ལ་བུ་མོ་ཏིས་མགུ།  ཆོས་འཕེལ་།  བུ་བསམ་འགྲུབ་གསུམ་ཡོད་པའི་ནང་གི་ཏིས་མགུ་ལ་བུ་མོ་བོ་ཀོ  བུ་ཚེ་དབང་རྣམ་རྒྱལ། བུ་མོ་སྒྲོལ་མ་ལྷ་མོ་གསུམ་ཡོད། བོ་ཀོ་ལ་བུ་མོ་སྐལ་བཟང་དང་། སྒྲོལ་མ་ལྷ་མོ་ལ་བསོད་ནམས་ཚེ་སྐྱིད་ཡོད། ཆོས་འཕེལ་གླེ་མདའ་དགོན་ལ་རབ་ཏུ་བྱུང་ནས་བཞུགས།  ཁོང་གིས་སྨན་མདའ་ལ་བསོད་ནམས་གསོག་པའི་རྟེན་དུ་བདེ་བར་གཤེགས་པའི་མཆོད་རྟེན་བཞེངས་ཤིང་།  གླེ་མདའ་དགོན་དུ་སྤྱི་རྩ་བཙུགས་པ་སོགས་རླབས་ཆེ་བའི་དགེ་ལས་མང་དུ་བསྒྲུབ་པར་མཛད་མྱོང་།  མཐར་དགུང་གྲངས་ལྔ་བཅུའི་ནང་ཙམ་ཞིག་ལ་གླེ་མདའ་དགོན་དུ་སྐུ་གཤེགས།  ཁོང་གི་དགོངས་རྫོགས་ལ་སྐུའི་ལྕམ་སྲིང་མ་སྨན་མདའི་ཨ་མཚོས་སྨན་མདའ་ལ་བདེ་བར་གཤེགས་པའི་མཆོད་རྟེན་གཅིག་གསར་དུ་བཞེངས་ཤིང་།  ཁོང་གིས་བཙུགས་པའི་གླེ་མདའ་དགོན་གྱི་སྤྱི་རྩ་སྔར་བཞིན་རྒྱུན་བསྐྱང་བར་བྱས། 

བུ་ཆེ་བ་ཚེ་དབང་འགྱུར་མེད་དམ་(གཞན་དང་མི་འདྲ་བའི་ཁྱད་ཆོས་སྨིན་མ་གཡས་པ་དུང་ལྟར་དཀར་བ་དང་ངོ་མཚར་བའི་བྱ་བ་སྣ་ཚོགས་ལ་བརྟེན་ནས།  ཕ་མ་དང་ཉེ་འབྲེལ་དག་གིས་ཀླུ་མི་མགོན་དཀར་པོ་རིགས་རྒྱུད་ལ་ཀླུ་མགོན་དངོས་སུ་ཕེབས་འདུག་ཅེས་དགའ་བས་གཅེས་མིང་ལ་ཀླུ་མགོན་ཞེས་བཏགས། )ཀླུ་མགོན་ནི་བོངས་རིང་ལ་གདོས་ཆེ་བ། སྨིན་མ་གཡས་པ་དུང་ལྟར་དཀར་ཞིང་སྐྲ་རིང་ལ་འཇུར་མཐུག་ལྡན་པ། སྨ་ར་དང་ཨོག་ཚོམ་རིང་ལ་སྟུག་པ།  བརྫིག་པའི་ཉམས་ལ་ཟིལ་ཤུགས་ཆེ་བ་ཞིག་ཡིན་ཏེ། ངོ་ལ་ཅེར་ནས་སྐད་གསང་མཐོན་པོས་ཚིག་བརྗོད་སྐབས་མི་མང་པོ་ཞིག་འདར་ཞིང་ངུས་པའི་ལོ་རྒྱུས་ཡང་དུ་མ་ཡོད།    སྐབས་ཤིག་ཆང་མང་པོ་འཏུང་ནས་མདུན་གཡོག་ལ།    རྐོ་མ་ཁྱེར་ཤོག་ངས་གཏེར་ཞིག་འདོན་དགོས་ཞེས་བཟླས་ཏེ།    ས་བརྐོས་ནས་རྫ་བུམ་གསུམ་བཞི་ཞིག་བླངས།      དེའི་ནང་དུ་ངོ་མཚར་བའི་བྱ་སྒང་དང་འདྲ་བའི་ས་རིལ་རེ་ཡོད་པའི་ངག་རྒྱུན་ཡོད།    གཞན་ཡང་དེ་རིང་རྟགས་དང་རྟེན་འབྲེལ་བཟང་པོ་ཡོད་ཅེས་བཤད་ནས་མཚོན་སྲུང་མའི་རྫ་མགོ་ལ་སོང་ནས།    རྫ་ངོས་སུ་སྐྱེས་པའི་རིན་པོ་ཆེ་ཞིག་བླངས་པ་དེ་ད་ལྟའང་ཡོད། འཇོན་ནུས་མཛངས་གསུམ་ལ་སྤོབས་པ་མངའ་ཞིང་། གཉེན་ལ་བྱམས་ཤིང་དགྲ་ལ་གདུག་པའི་རང་གཤིས་ཅན་ཞིག་ཀྱང་ཡིན།  བྱེས་ལ་ཕེབས་ནས་སླར་ལོག་སྐབས་གྱོད་གཏམ་པའི་གྱོད་གླ་དང་།    གྱོད་ལས་རྒྱལ་བའི་གཏང་རག་སོགས་མདོར་ན་རྒྱུ་ཟས་གང་རྙེད་ཉེ་འབྲེལ་གཙོས་པའི་འོག་སྡེ་ཀུན་པོ་དང་ལྷན་དུ་སྤྱོད་པ་ལས་ཁོང་གཅིག་པུས་ལོངས་སྤྱོད་པའི་སྲོལ་མེད་པས།  གཞན་དག་དང་འདྲ་མཚུངས་ལས་དཔལ་འབྱོར་གྱི་དམིགས་བསལ་ཅི་ཡང་མེད་པར་གྲགས།  ངོ་མཚར་བའི་གཟུགས་བྱད་དང་འཇོན་ནུས་གསུམ་གྱིས་རྐྱེན་པས་ཁོང་ལ་འབངས་རྣམས་ཀྱིས་སྨན་རག་དཀར་གྱི་བརྫུས་བུ་རེད་ཅེས་བཤད་སྲོལ་ཡོད། ཀླུ་མགོན་གྱི་ལོ་རྒྱུས་ཅུང་ཟད་བཤད་ན་ཚན་པ་ལྔ་སྟེ། 

དང་པོ་དབང་ཆ་ཐོབ་ཐང་གི་སྐོར།  ཁོང་ནི་སྔ་མོ་ཞིག་ནས་སྨན་སོག་ཤོག་གི་དཔོན་ཡིན་པར་མ་ཟད་སྡེ་པ་གཞུང་ལའང་འབྲེལ་ལམ་ཟབ་པ་དང་ཕྱིས་སུ་རྒྱུ་རྐྱེན་ཞིག་གི་འོག་ནས། ལྷ་ཐོག་རྒྱལ་པོའི་སྐུ་ཚེ་དང་སྲིད་ཆུས་ཆེད་དུ།  ཁོང་གིས་རྒྱ་ནག་པོ་ལ་སྐེ་དང་། (ལྷ་ཐོག་ནས་རྒྱ་ཨ་འབན་གྱི་གོ་མཚོན་བོར་བརླག་ཏུ་སོང་བའི་ས་གུས་ལྷ་ཐོག་ཚང་ལ་ཕོག་སྐབས། རྒྱལ་བློན་བཀའ་བགྲོས་ཏེ་ཀླུ་མགོན་གྱིས་རྒྱལ་པོའི་ངོ་ཚབ་བྱས་ནས་གྱོད་བཤད་དུ་སོང་། རྩད་མ་ཆོད་ནས་རིམ་གྱིས་ས་གུས་ཇེ་ལྗིར་སོང་ཏེ་མཐར་སྐེ་ཁང་ནང་དུ་འཛུལ་དགོས་ཐུག་མིན་གྱི་ལབ་གླེང་བྱུང་བར་གྱུར།  འོན་ཀྱང་ཁོང་གི་སྙིང་སྟོབས་དང་མཛངས་འཕྲུལ་ལ་བརྟེན་ཏེ་གོ་མཚོན་བོར་བརླག་ཏུ་ཕྱིན་པ་ཚང་མ་རྩད་ཆོད་ནས་ཁོ་ཚོའི་ལག་ཏུ་བཞག  ཁོ་ཚོ་ཡང་རབ་ཏུ་དགའ་ནས་ཀླུ་མགོན་ཁོ་ཚོའི་ལས་རོགས་ཡིན་ཞེས་དམིགས་བསལ་གྱི་མཐོང་ཆེན་བྱས།  ཀླུ་མགོན་གྱིས་རྒྱལ་པོ་དང་ཁོ་ཚོ་འབྲེལ་འདྲིས་ཇེ་ཟབ་ཏུ་བཏང་ནས་ཁོ་ཚོར་བརྒྱུད་དེ་རྒྱལ་པོ་ལ་ཆོ་ལོ་ཞིག་ཀྱང་བླངས་བར་གྲགས། མི་རྗེ་ལྷ་ཐོག་རྒྱལ་པོས་ཀྱང་།  དྲིན་ཆེན་མི་ཡི་ཡིད་མ་བཅད།  །ལྷ་ཡི་རྟ་ལ་རྒལ་མི་དབྱུང་།  །ཞེས་པའི་དཔེ་ལྟར།      གོང་གི་རྒྱུ་མཚན་དེ་དག་ལ་བརྟེན་ནས་སྔར་ལྷ་ཐོག་སྦ་ཆེན་ཚང་གཙོས་པའི་རྒྱལ་རྒྱུད་ཁག་ལ་མ་གཏོགས་མེད་པའི་ཇས་སང་གི་ཐོབ་ཆ་དེ་དམིགས་བསལ་བྱས་ནས་ཀླུ་མགོན་ནམ་ཚེ་དབང་འགྱུར་མེད་ལ་གནང་བ་ཡིན། རྒྱ་མཚན་དེ་འདྲའི་འོག་ནས་གདོང་སེར་ཀླུ་ཚང་གིས་དཔོན་ཇས་ཀྱི་ཐོབ་ཆ་བླངས་པའི་ཚིག་གཉིས་ཀྱི་ཡ་གྱལ"རྒྱ་ནག་པོ་ལ་སྐེ"ཞེས་པའི་ཚིག་དེ་བྱུང་བར་བཤད་རྒྱུ་ཡོད།) ཡབ་མེས་ཀྱིས་སོག་སེར་པོ་ལ་བང་བསྟན་ནས་དཔའ་ཞིང་མཛངས་པའི་རྒྱལ་རྟགས་ལ་ལྷ་ཐོག་རྒྱལ་པོས་ཇས་སང་གི་ཐོབ་ཐང་གནང་།  དེ་ཉིད་གསལ་བྱེད་ཀྱི་ཚུལ་དུ་བཀའ་ཐམ་གྱི་ཡིག་ཆ་དྲངས་ན། ལྷ་འབང་སྨན་སོག་ཤོག་གི་དཔོན་ཇས་རྒན་ཚེ་དབང་འགྱུར་མེད་ཅེས་དང་།  གཞུང་ས་ཆེན་པོ་མཆོག་དང་།  ངོས་བཅས་ལ་སྔ་ཕྱིར་ཞབས་འདེགས་ལེགས་ཞུས་ལ་བརྟེན་ཞེས་པ་འདི་ཉིད་ལགས་ཤིང་།  ངོས་སྦྱོར་ལག་འཁྱེར་ལས་ཀྱང་།  ཁུལ་འདིའི་དཔོན་རིགས་གཞན་དང་མ་འདྲའི་གཞུང་སྒེར་བླ་དཔོན་གོང་རིམ་ནས་བཀའ་ལག་རིམ་འབྲེལ་ཐོག་ཅེས་རང་བཞིན་བརྗོད་པའི་བསྔགས་པའི་མེ་ཏོག་འཐོར་བ་འདི་ཡང་དོན་དང་ལྡན། 

ཤར་སྡེ་དགེ་རྒྱལ་པོ་ཚང་གི་སྐུ་དྲག་ཀྱང་ཡིན་ཏེ། ལྷ་སྡེ་གཞུང་གི་ས་གནས་གྱོད་དཔོན་གྱི་གཟུ་པ་བྱས་མྱོང་བ་མ་ཟད་དཔོན་པོའི་འགན་ཡང་ཡོད་དེ།  སྡེ་དགེའི་འཇལ་སྡིག་ཁ་སྤྲོད་ཀྱི་བཀའ་ཐམ་ཡིག་ཆ་ལས།  སྡེ་ཡུལ་ནང་གྱོད་སོགས་ཟློས་སེལ་རིགས་ཀླུ་མགོན་རྒན་པོ་བཅས་ནས་ལྟ་རྟོག་ཞིབ་འཇུག་གི་ཁྲིམས་མཐུན་ཕན་ཚུན་གཉིས་ལོའི་བཅད་གཟུ་གཡོ་མེད་བཏང་རྒྱུ་ལ་ཞེས་དང་། དཔོན་ཀླུ་མགོན་ནས་སྔར་ཚུགས་གང་ཡོད་དྲང་ལམ་གྱིས་སྡེ་ཡུལ་མཆོག་དམན་ལ་བཅའ་བཀོད་གང་བྱུང་མགོ་འོག་ལུས་ཆུད་ཀྱི་ཁར་ཉན་ངག་འཕྲི་ཚུལ་བཞིན་དགོས་ཤིང་། ཞེས་གསུངས་པའི་བཀའ་འདིས་གསལ་བར་བྱས་ཡོད།

གཉིས་པ་མངའ་འོག་ལྷ་འབངས་ཀྱི་སྐོར།  སྨན་སོག་རུ་བཞི་སོགས་ཡིན་ཏེ། ལྷ་འབང་སྨན་སོག་ཤོག་གི་དཔོན་ཇས་རྒན་ཚེ་དབང་འགྱུར་མེད་ཅེས་དང་།  ༧གོང་ས་བླ་དཔོན་གྱི་བཀའ་ཡིག་ལེ་ཚན་ནང་དོན་ཇི་ལྟར་ཁྱོད་ཤོགས་ལ་སྔོན་ནས་ཁྲལ་ས་རང་བདག་ཐོབ་རིགས་ལ་ཞེས་འོག་ཏུ་འགོད་པའི་དོན་བཞིན་ལགས།

གསུམ་པ་ཞིང་ས་ཁང་མལ་གྱི་སྐོར།  སྐབས་དེ་དུས་གདོང་སེར་ཀླུ་ཚང་གི་དབྱར་ས་སྟོན་མཚེར་དགུན་ལྷས་ཞིང་ས་བཅས་ནི་འདི་སྟེ།  ཚེ་ཕ་ནང་།  ཚེ་ཕ་བྲག་རྒྱུད།  ཆར་དཀར་སྒང་།  སྨན་མདའི་དབྱར་མཚེར།  ན་ལེབ་ཁ། ཁྲོམ་དགྱེས་གཞུང་བཅས་དབྱར་མཚེར་ཡིན།  སྟོན་མཚེར་འབུ་སྒལ་སྒལ།    དགུན་མཚེར་སྨན་མདའ་ཡིན།  ཞིང་ས་སེར་ཀླུའི་གསེ་འབའ།  ཆུ་མ།  རམ་གེ།  ཇོ་མཁོ།  ཝ་ཕ།  ཟླ་བ་མ།  གྲགས་སེས།  ཞིང་ནག  མཚུལ་རྩྭ་སོགས་དང་།  དུར་ས་ནི་གཙོ་བོ་དཔོན་རྒྱུད་ལ་དགོས་པའི་ས་ཡི་ཡོན་ཏན་རྒྱལ་པོ་གདན་ལ་བཞུགས་འདྲ་སོགས་ཚང་བའི་ཆུ་ཕུགས་མདོ་ཡིན་ལ་། དེ་རུ་ཁྲོ་ཕུར་བཏབ་སྟེ་སེར་ཀླུའི་མི་རྒྱུད་མ་གཏོགས་གཞན་འཇོག་མི་ཆོག་པའི་ལུགས་སྲོལ་ཡོད།  མཚུན་ལྷ་དང་བླ་རི་ནི་དགྲ་བླ་སྟོང་གི་གཙོ་འཛིན་སྐུ་རྗེ་དོན་གྲུབ་སེང་ཆེན་ཡིད་བཞིན་ནོར་བུ་དང་དགེ་བསྙེན་ཉེར་གཅིག་གི་ནང་གསེས་སྨན་རག་དཀར་རྡོ་རྗེ་འཕྲེད་ཉལ་ཡིན།

བཞི་པ་མནའ་ཡ་དཔུང་རོགས་ཀྱི་སྐོར། ཅོར་དཔོན་དབྱངས་ཆེན་མགོན་པོ་ཡིན་ཏེ།  ཁོང་གཉིས་ཀྱིས་ཕན་ཚུན་ཟླ་སྒྲིལ་ཏེ་བྱ་བ་མཉམ་སྒྲུབ་དང་ཆང་འཐུང་བ་དང་མཚར་རྩེད་འགྲན་པ་སོགས་བྱེད་ཅིང་།  ནང་ཆེན་དུ་འགྲོ་བའི་ལམ་ཁ་ནས་མི་ཞིག་གིས་ཀི་བཏབ་པས་ཁོང་གཉིས་ཀྱིས་གྱོད་བཤད་ནས་དངུལ་རྡོ་ཚད་གཅིག་ཟོས་པས་ཕྱིས་སུ་ཀི་རྡོ་ཚད་མ་ཞེས་པའི་ཐ་སྙད་ཆགས་པར་བཤད་རྒྱུ་ཡོད།

ལྔ་པ་སྐུ་ཟླ་སྐུ་སྲས་ཀྱི་སྐོར།  །ཁོང་གིས་མ་ཚ་བཟའ་ལྷ་མཚོ་སྐུ་ཟླར་བསུས་པའི་རྒྱུད་ལ་བུ་བུ་མོ་ལྔ་ཡོད་པའི་ནང་གི་དང་པོ་བུ་གུ་རུ་བློ་ལྡན་ནི་ཡབ་ཀླུ་མགོན་གཤེགས་ཤུལ་ཁོང་དཔོན་སར་བསྐོས་ནས་ལོ་བཞི་ལྔ་ཞིག་ལ་དཔོན་ཐོབ་བཟུང། དེ་ལ་བུ་རྟ་དགའ་ཡོད།  གཉིས་པ་བུ་མོ་ག་སྡིས་སྨནམདའི་ཉ་ཕ་ཚང་ལ་སོང་།  དེ་ལ་བུ་ཉ་ཕའི་ཨོ་ལོད།  ཚེ་རིང་ཕུན་ཚོགས།  རྟ་མགྲིན་བསོད་ནམས།  བུ་མོ་ལ་པདྨ་ཆོས་མཚོ།  ཆུང་རྡིས། སྐལ་བཟང་ལྷ་མོ།  ཁྲ་ལྷ།  མེ་ཏོག  (འདིའི་རྒྱུད་པ་ཡར་ཀླུང་ཁོག་ལ་ཡོད།  འདི་དང་ལྷན་དུ་སོང་བའི་སེར་ཀླུ་ཚང་གི་བུ་མོ་གཉིས་ཡོད་ཀྱང་མིང་མི་གསལ།)། བུ་མོ། (འདིའི་རྒྱུད་པ་དཔལ་འབར་རྫོང་ན་བུ་མོ་ཞིག་ཡོད་པར་གྲགས།) དགའ་རིས་བཅས་ཡོད་པའི་ཉ་ཕའི་ཨོ་ལོད་ཀྱི་རྒྱུད་ལ་བུ་ཀུན་བཟང་བཙས་ཤིང་ཁོང་ལྷ་ཐོག་ཚང་གི་ཧོར་འདྲ་ཡིན།  ཚེ་རིང་ཕུན་ཚོགས་ལ་རྡོ་རྗེ་དབང་གྲགས།  ཀུན་དགའ་རྒྱལ་མཚན། བསོད་ནམས་ལྷ་མོ།  ཀོ་རྡིས་བཞི་ཡོད། རྟ་མགྲིན་བསོད་ནམས་ལ་བུ་བསོད་ནམས་རྡོ་རྗེ་དང་། བུ་མོ་དམ་ཆོས།  རིན་ཆེན་གཉིས་ཡོད།  པདྨ་ཆོས་མཚོ་ལ་བུ་བསོད་ནམས་འགྱུར་མེད།  ཚེ་རིང་དཔལ་ལྡན་དང་། བུ་མོ་ལ་དབའ་ལོ། སྦ་ར།  ཚེ་ལྷ་སྒྲོན་མ་ཡོད།  ཆུང་རྡིས་ལ་བུ་དམ་ཆོས། བུ་མོ་ཀླུ་མཚོ་གཉིས་ཡོད། 

གསུམ་པ་བུ་མོ་ཨ་ཡས་དགའ་ཁྱིམ་སྐྱེ་ལ་ཚང་དུ་བག་མར་སོང་།  དེ་ལ་བུ་མོ་ནམ་མཁའ་སྒྲོན་མ་དང་།  གཡུ་མཚོ་གཉིས་ཡོད་པའི་དང་པོ་ལ་བུ་ཆོས་བསྟན། བུ་མོ་བོ་སྐྱིད། བུ་དར་རྒྱས་གསུམ་ཡོད།  གཉིས་པ་ལ་བུ་མོ་དམ་དཔལ་ཡོད།  བཞི་པ་བུ་མོ་ཚེ་མཚོ་གླེ་མདའ་སྒུ་རུ་ཚང་ལ་སོང་།  དེ་ལ་བུ་བུ་མོ་གཉིས་ཡོད་པའི་ནང་གི་བུ་རྒྱལ་བ་ནི་ཆོས་གླིང་ཀུན་དགའ་དབང་རྒྱལ་གྱི་མཆན་ཁེབ་དང་། ཆོས་གླིང་ཚང་གི་བསམ་གནས་མི་བཅུའི་ནང་གི་གཅིག་ཡིན། ཁོང་ལ་བུ་བདེ་ཆེན་དང་རིན་ཆེན་དར་རྒྱས་གཉིས་ཡོད། བུ་མོ་ལྷ་དཔལ་ལ་ཚེ་རིང་གཡང་འཛོམས།  བུ་རྟ་ལྷ།  སངས་རྒྱས་གཉིས་ཡོད།

ལྔ་པ་བུ་མོ་ཚེ་རིང་ལྷ་མཚོ་སོག་ལྟེའི་མདོག་ཨོ་དགའ་ཚང་དུ་སོང་བའི་རྒྱུད་ལ་བུ་དགའ་སྐྱིད། ཀུན་དགའ། བུ་ཆུང་།  བུ་མོ་སྒྲོན་དཀར་བཅས་བཞི་ཡོད།  མདོག་དགའ་སྐྱིད་ནི་ཧོར་འདྲ་ཡིན་ཞིང་ཁོང་དང་བུ་ཆུང་གཉིས་ལ་བུ་མོ་ཆོས་དབྱིངས། ཚེ་རིང་དཔལ་མཚོ།  བཀྲ་ལྷ།  ཨ་ཆུང་།  བུ་རིན་ཆེན་རྡོ་རྗེ་བཅས་ལྔ་ཡོད།  ཀུན་དགའ་ལ་བུ་མོ་གཡང་འཛོམས། འོད་ལྡན།  ཀུན་བཟང་སྒྲོན་མ།  དཀོན་མཆོག  བུ་འཕྲིན་ལས་དར་རྒྱས་དང་ཀུན་བསྟན་བཅས་བུ་རྒྱུད་བདུན་ཡོད་ཅིང་དེ་ནས་ཡུན་རིང་མ་འགོར་བ་མ་ཚ་བཟའ་ཚེ་ལས་འདས།

          གཞན་ཡང་ལྷ་ཐོག་དཀར་ལེགས་ཡོན་ཆེན་བཟའ་ལ་ཀླུ་མགོན་གྱི་བུ་རྡོ་དཔར་(རྡོ་ལ་ཡི་གེ་མང་པོ་བརྐོས་ནས་དཔར་བའི་རྒྱུ་མཚན་གྱིས་མིང་ལ་རྡོ་དཔར་ཞེས་ཐོགས།)དང་པེ་པེ། བུ་ཚེ་བརྟན།  ཉ་ཤིས་བཞི་ཡོད།  རྡོ་དཔར་ལ་ཇས་སང་གི་ཐོབ་ཆ་(ལྷ་ཐོག་ཚང་གི་དོན་དུ་ལྷ་སར་སོང་ནས་དོན་དེ་ལེགས་པར་འགྲུབ་པའི་བཀའ་དྲིན་གཏང་རག་གི་ཚུལ་དུ་ཕྱིར་ལྷ་ཐོག་ལ་སླེབས་སྐབས།    ལྷ་ཐོག་རྒྱལ་པོས་ཁྲི་ལ་བཞག་ཅིང་སྐྱ་སེར་ཀུན་ལ་དར་ཁ་འཇོག་བཅུག་པར་མ་ཟད་ཇས་སང་གི་ཐོབ་ཐང་ཡང་སྐབས་དེ་དུས་གནང་བར་གྲགས། ཟུར་མང་བདུད་རྩི་དིལ་གྱིས་ནང་ཆེན་དགའ་ལྡན་དགོན་ལ་བན་དེ་བུ་ཁྲལ་དགོས་པའི་རྒྱུན་བཅད་པ་སོགས་ལ་བརྟེན་ནས།    དབུས་ནས་སྡེ་པ་གཞུང་གི་དམག་ཡོང་སྟེ༧དྲུང་ཆོས་ཀྱི་ཉི་བྱེད་འཛིན་བཟུང་བྱས།      ཁོང་ལྷ་ཐོག་རྒྱལ་པོའི་དབུ་བླ་ཡིན་གཤིས་དབུས་སུ་འགྲོ་བའི་ལམ་ཁ་ནས་ལྷ་ཐོག་ཚང་གིས་འཕྲོག་སྟེ་ལྷ་ཐོག་ལ་གདན་འདྲེན་མཛད།  དེ་ནས་ལྷ་སའི་བཀའ་ཤག་ཁང་ལ་ཡོང་དགོས་པའི་བཀའ་ཤོག་སླེབས་པ་བཞིན།  བླ་མ་དང་ལྷན་དུ་རྡོ་དཔར་རྒྱལ་པོའི་སྐུ་ཚབ་བྱས་ཏེ་ལྷ་སའི་བཀའ་ཤག་ཁང་དུ་ཕེབས།  ཁོང་གི་འཇོན་ནུས་མཛངས་གསུམ་ལ་བརྟེན་ནས་བླ་མ་ལ་ཉེས་མེད་དཀར་འདོན་བྱས་ཤིང་དེ་ཕྱིན་ཆད་དགའ་ལྡན་དགོན་དུ་བན་དེ་བུ་ཁྲལ་མི་དགོས་པ་དང་།  ལྷ་ཐོག་ཚང་ལ་སྡེ་པ་གཞུང་གི་ལྟ་ཚུལ་མི་བཟང་བ་སོགས་ཅི་ཡང་མེད་པར་བྱས་ནས་ལྷ་ཐོག་ལ་ཕེབས་སྐབས་གོང་གི་གནས་ཚུལ་དེ་བྱུང་བར་བཤད་པ་ཞིག་ཀྱང་འདུག་པས་དཔྱད།  ) ཡོད་པར་མ་ཟད་ལྷ་ཐོ་རྒྱལ་བློན་གྱིས་ཀྱང་བློ་འདྲི་ཆོག་སའི་མི་འཇོན་ནུས་ཅན་ཞིག་ཡིན།

པེ་པེ་ལ་ཧོར་འདྲའི་ཐོབ་ཆ་ཡོད་ལ་ས་གནས་ཕན་ཚུན་རྩོད་གླེང་བྱུང་སྐབས་རྩོད་རྙོག་སེལ་སླད་དུ་ཕེབས་དགོས་པའི་མི་གོ་ཆོད་ཅིག་ཡིན་པར་བཤད་རྒྱུ་ཡོད།  བུ་ཚེ་བརྟན་རབ་ཏུ་བྱུང་ནས་མཛོ་རྗི་དགོན་ལ་བཞུགས། པེ་པེ་ལ་བུ་བུ་མོ་ལྔ་ཡོད་པའི་བུ་མོ་འཆིི་མེད་འགོ་ལ་ཚང་ལ་བག་མར་སོང་། དེ་ལ་བུ་དོན་གྲུབ་རྡོ་རྗེ་དང་འགོ་ལ་ཀརྨ་གཉིས་ཡོད། བུ་མོ་ལ་རིག་འཛིན་སྒྲོལ་མ། ཨོ་ཆོས་ལྷ་མོ། ཆོས་དབྱིངས་སྒྲོལ་མ་གསུམ་ཡོད། བུ་ཀུན་དགའ་ལ་བུ་ཨ་འཕེལ་དང་བུ་མོ་ཨ་དམ་གཉིས་ཡོད།  བུ་མོ་བོ་ལྷ་ཨ་ཐར་ཚང་ལ་སོང་། དེ་ལ་ཚེ་དགའ་དང་བོ་ཆུང་གཉིས་ཡོད། བུ་མོ་ཡེ་ལྷ་ལ་བུ་མོ་སྦྱིན་པ་སྒྲོལ་མ་ཡོད། བུ་ཆུང་བ་ཀརྨ་འཕྲིན་ལས་མཐར་ཕྱིན་དཀར་ལེགས་དགོན་ལ་རབ་ཏུ་བྱུང་།  ཉ་ཤིས་ལ་བུ་ཉག་བླ་དང་བུ་མོ་བཀྲ་སྒྲོན། འཕྲིན་ལས་དཔལ་སྒྲོན་གཉིས་ཡོད། ཉག་བླ་དཀར་ལེགས་དགོན་ལ་རབ་ཏུ་བྱུང་།

ཀླུ་མགོན་གྱི་བུ་འབྲོང་ཡག་བསྟན་འཛིན་འཕྲིན་ལས་ལ་ཀརྨ་དོན་གྲུབ། བུ་མོ་ཀརྨ་ཆོས་མཚོ།  བུ་ཡོན་ཏན།  བུ་མོ་བདེ་ཆེན།  བུ་ཀརྨ་རྡོ་རྗེ་བཅས་ལྔ་ཡོད། 

ཀླུ་མགོན་གྱི་བུ་རྫགས་ཚེ་དབང་རྒྱལ་མཚོ་ནི་ལྷ་ཐོག་ཚང་གི་ཧོར་འདྲ་ཡིན་ཞིང་ཁོང་ལ་བུ་དཀར་ཆོས།  དགེ་དགའ།  ཀུན་ཁྱབ་། དཔོན་རུ་བཀྲ་རྒྱལ་བཞི་ཡོད།  བུ་མོ་ལ་བསོད་དགའ།  ཆོས་འཛོམས།  ནོར་བུ་གསུམ་ཡོད།  ཀླུ་མགོན་གྱི་བུ་མོ་སྨན་མདའི་ཨ་ཚོ་ལ་བུ་བཀའ་འགྱུར།  བུ་མོ་བོ་སྐྱིད།  བུ་ཚེ་དགའ།  དངོས་དགའ་བཅས་བཞི་ཡོད། 

ཀླུ་མགོན་གྱིས་ཕྱིས་སུ་དྲག་རུའི་དགེ་སྦྱོང་བཟའ་བསོད་ནམས་སྐྱིད་སྐུ་ལྕམ་དུ་བླངས་པའི་རྒྱུད་ལ་བུ་བུ་མོ་བདུན་ཡོད་པའི་དང་པོ་བུ་མོ་གཡང་འཛོམས་སྐྱེ་ལའི་ལྷ་པ་ཚང་ལ་བག་མར་སོང་།  གཉིས་པ་བུ་ཕུར་པ་ཚེ་རིང་གི་ལོ་རྒྱུས་གཤམ་དུ་གསལ།

གསུམ་པ་སེར་ཀླུ་དཔོན་ཚང་གི་བུ་འབྲིང་བ་ཡོན་ཏན་ནི། བྱིས་པའི་དུས་སུ་སྨན་མདའི་དཔལ་དི་ལི་མགོ་ལ་རྒོད་ཁྱུ་བརྒྱབ་སར་སོང་སྟེ་བལྟས་པས་རྡོ་སྨུག་སྨུག་ཅིག་ལ་རྒོད་རྣམས་ཀྱིས་བསྐོར་ནས་བསྡད་ཡོད།  རྡོ་དེའི་འགྲམ་དུ་གཅེར་རྒྱུག་བྱས་ནས་རྡོ་དེ་པང་པས་རྡོ་དེ་ལས་ལུས་ལ་སྣུམ་མང་དུ་འགོས།  དེ་ནས་ཁྱིམ་དུ་འགྲོ་བའི་ལམ་ཁ་ནས་ཨ་དྲོ་ཀར་རྒན་དང་འཕྲད་ཅིང་ཁོང་ལ་གོང་བྱུང་གི་གནས་ཚུལ་རྣམས་ཇི་བཞིན་སྙན་སེང་ཞུས།  ཁོང་གིས་དེ་ནི་མ་འཁའ་འགྲོའི་བླ་རྡོ་རེད། ཁྱོད་ལ་དེ་པང་པའི་སྐལ་བ་ཡོད་འདུག  དེ་ནི་ཚེ་གསོད་དབང་ཐང་རླུང་རྟ་རྒྱས་པའི་རྟེན་འབྲེལ་འགྲིག་པ་རེད་ཅེས་གསུངས་ཏེ་ཕེབས། སླར་ལོག་སྟེ་བལྟས་པས་བླ་རྡོ་དེ་མཐོང་རྒྱུ་མེད་ཅེས་བཤད་རྒྱུ་ཡོད།  ཁོང་གིས་བྱིན་པའི་རྒྱུ་ནོར་གཡང་རྟེན་དུ་ཉར་བའི་རྒྱུན་ད་ལྟའང་ཡོད། ལོ་རྒྱུས་ཅུང་ཟད་སྤྲོས་ན་ཚན་པ་བཞི་རུ་བགོ་ཆོག་སྟེ།     

དང་པོ་སྤྱི་རྩ་བསྟན་བཞེངས་ཀྱི་སྐོར།    རང་གི་ཕ་མེས་གདོང་གསེར་འཕྲུ་ཚང་དང་འབྲེལ་བ་ཟབ་པའི་རྒྱུ་མཚན་སོགས་ལ་བརྟེན་ནས་སྐུ་ཚེའི་སྟོད་གདོང་ཚང་དགོན་ལ་རབ་ཏུ་བྱུང་ཞིང་།  དགོན་པས་ཀྱང་དམིགས་གསལ་གྱི་བརྩི་འཇོག་གནང་ནས་དགོན་པའི་ཆོས་ཁྲིམས་ལ་འདེམ་བསྐོས་བྱས། ཁོང་གིས་ཀྱང་དཀའ་བ་ཁྱད་བསད་དང་ངལ་བ་དང་བླངས་ཀྱིས་ཆོས་ཁྲིམས་ཀྱི་གཙོ་འགན་ལོ་གསུམ་ལ་ཁུར་མྱོང་ཞིང་།  ཕྱིས་སུ་གདོང་ཚང་ཞབས་དྲུང་གི་གསེར་གདུང་ལ་ཇ་འབྲུ་དྭངས་སྒམ་ཞེ་གཉིས་དང་མ་བརྗེས་པའི་གཟི་ཞགས་གཅིག་གསོལ་བར་མ་ཟད།  ཀརྨ་པ་རིག་པའི་རྡོ་རྗེ་གདོང་ཚང་དགོན་དུ་ཕེབས་སྐབས་ཞྭ་ནག་མཐོང་གྲོལ་ཆེན་མོ་ཡང་སྒྲོན་མྱོང་ཡོད། སེ་ར་དགོན་ལ་བཀའ་འགྱུར་དག་འདོན་རྒྱུན་ཁང་བཙུགས་ཤིང་།  གདོང་ཚང་དགོན།  སེ་ར་དགོན།  གླེ་མདའ་དགོན། འབྲོང་ཡག་དགོན།  དཀར་ལེགས་དགོན་བཅས་ལ་སྤྱི་རྩ་རེ་རེ་བཙུགས་པ་ཡིན།

ཉག་བླ་བྱང་ཆུབ་རྡོ་རྗེས་བདེ་དགའ་བླ་མ་ལ། མཚོ་ཀེ་མདོ་ལ་མཁའ་འགྲོའི་བྲོ་ར་ཕྱི་ནང་གསུམ་བསྐོར་བའི་ས་མིག་ཞིག་ཡོད། དེའི་ཐོག་ལ་དུས་ཟློག་མཆོད་རྟེན་གཅིག་བཞེངས་དགོས་པའི་ལུང་བསྟན་པ་ལྟར། བདེ་དགའ་བླ་མ་ཕེབས་སྐབས་ཡོན་ཏན་གྱིས་སྦྲ་གུར་ཕུབ་པ་སོགས་ཀྱི་མཐུན་རྐྱེན་དང་།  འཚོ་བའི་ཡོ་བྱད་སོགས་ཀྱི་ཡོན་བདག་ཞུས་ཤིང་། སྨན་སོག་ཤོག་གི་དབུ་ཁྲིད་ནས་ཉག་བླའི་བཀའ་བབ་མཆོད་རྟེན་ལེགས་འགྲུབ་ཡོང་བའི་འཕྲིན་ལས་བསྒྲུབ་པ་ཡིན།

གཉིས་པ་ཡ་རབས་དྲིན་ལན་གྱི་སྐོར། མ་ཡུམ་གྲོངས་སྐབས་མ་ཡི་དྲིན་ལན་གསབ་པའི་ཆེད་དུ་ཕུང་པོ་སྦྱིན་སྲེག་བྱས་པའི་དཀར་བུ་དང་རྒྱུན་འདོན་གྱི་པོ་ཏི་གཉིས་རྒྱབ་ལ་ཁུར་ཏེ་མཚུར་ཕུར་དགོན་ལ་སོང་།  མཚུར་ཕུར་དགོན་ནས་ཀརྨ་པ་ལ་དབུ་ཞྭ་སྒྲོན།  དེ་ནས་ལྷ་སར་ཕེབས་ཏེ་ཇོ་བོ་ལ་གསེར་ཞལ་གསོལ་ཏེ་རིམ་བཞིན་བསམ་ཡས་ལ་སོང་།  བསམ་ཡས་དུར་ཁྲོད་ཀླུ་མོ་མཐིལ་ལ་མ་ཡི་དཀར་བུ་བཞག་ནས་ཡ་རབས་བཟང་སྤྱོད་ཀྱི་མིག་དཔེ་ལེགས་པར་བསྐྲུན་པ་ལགས།

གསུམ་པ་སྐུ་ཟླ་སྐུ་སྲས་ཀྱི་སྐོར།  སེར་ཀླུ་དཔོན་ཚང་གིས་བག་མར་བསུས་པའི་མནའ་མ་དང་པོ་དབའ་ཤོད་ཨ་དྲོ་བཟའ་སྐལ་བཟང་ལྷ་མོ་དང་ལྷན་དུ་བསྡད་པའི་རྒྱུད་ལ་བུ་ཟླ་བ་དང་།  དྲག་རུའི་ཨ་དྲོ་བཟའ་ལ་བུ་ཆོས་ཉི་ཡོད།    ཕྱིས་སུ་མཚོ་ཀེེ་མདོའི་མཆོག་རྟེན་བཞེངས་སྐབས་སྡོམ་རེ་མདོའི་ལྕགས་འབར་ཚང་གི་བུ་མོ་པད་ཆོས་སྐུ་ཟླར་བླངས། 

བཞི་པ་ཐོབ་ཐང་བཙོན་འཇུག་གི་སྐོར།      གཞན་ཡང་སྡེ་དགེའི་ཨ་སྡུག་ཚང་གི་མགྲོན་གཉེར་བྱས་མྱོང་ལ། ནང་ཆེན་བེ་ཧུར་བུ་ཆེན་ཚང་གི་ངོ་ཚབ་བྱས་ནས་སིབ་ཀེ་མདོ་ལ་ས་གྱོད་གཏམ་དུ་ཕེབས་པ་སོགས་བྱས་ཤིང་།  མི་དབང་ལྷ་ཐོག་རྒྱལ་པོའི་ངོ་ཚབ་བྱས་ནས་པདྨའི་ཅ་ཀ་སུམ་མདོ་ལ་ལྷ་སྡེའི་བཀའ་གྲོས་ལ་ཕེབས་མྱོང་། སའུ་སྒལ་ལ་མཚོ་རོང་ཤོག་གི་དཔོན་བྱས་ཏེ་འདུག་མྱོང་བ་སོགས་ལ་བརྟེན་ནས་ཕྱིས་སུ་གསར་བརྗེའི་སྐབས། མངའ་བདག་ལ་འཐབ་རྩོད་དང་གྲལ་རིམ་ལ་ངོ་རྒོལ་སོགས་ཀྱི་རྡུལ་མུན་ཁྲོད་ནས་ཆབ་མདོའི་བཙོན་ཁང་ནང་དུ་མི་ལོ་བཅོ་ལྔའི་ཁྲིམས་ཐག་བཅད།

སེར་ཀླུ་དཔོན་ཚང་གི་བུ་ཆུང་བ་ཚེ་སྟོབས་ནི་ཁྲོམ་དང་བྱེས་སུ་འགྲོ་དུས་ལུས་ལ་འཕྲུག་གོས་གྱོན་ཞིང་རྒྱབ་ན་མེ་མདའ་ཁུར།  རྐེད་ལ་གྲི་དྲངས་ཞིང་འོག་ཏུ་རྟ་ཞོན་ཏེ་སྒྲོབ་ཉམས་ཆེན་པོའི་སྒོ་ནས་འགྲོ་བའི་མི་ཞིག་ཡིན།  ཟུར་མང་འཚོགས་ཆེན་སོགས་ལ་འགྲོ་དུས་མི་རྣམས་ཀྱི་བལྟད་མོ་བལྟ་ས་ཞིག་ཀྱང་ཡིན་པར་བཤད།

དང་ཐོག་དགྲ་གྱོད་ལ་ཅུང་ཟད་དགའ་བའི་མི་ཞིག་ཡིན་ནའང་ཕྱིས་སུ་བླ་མ་གང་ཤར་ཟུང་མང་བདུད་རྩི་དིལ་དུ་ཕེབས་སྐབས།  རང་གི་སྐུ་ཟླའི་མིང་པོ་བླ་མ་ཨ་བསྟན་སྤྲུལ་སྐུ་སོགས་ཀྱི་བཀའ་ཡི་སྐུལ་མ་ལ་བརྟེན་ནས་བླ་མ་གང་ཤར་མཇལ་དུ་སོང་།  བླ་མའི་མདུན་ལ་སླེབས་དུས་བརྗོད་མི་ཤེས་པའི་ཚོར་སྣང་ངོ་མཚར་བ་ཞིག་སྐྱེས།  བླ་མས་གསོལ་ཞལ་ཇ་དང་བཅས་པ་གཏད་ནས་ཇ་འཐུང་གསུང་།  ཁོས་བླ་མའི་གསོལ་ཞལ་ནང་ལ་འཐུང་ཉན་ཨེ་སོང་སྙམ་སྐབས།  བླ་མས་དྲན་རྒྱུ་མ་མོངས་འཐུང་འཐུང་གསུངས་པས་ཇ་དེ་ལྷག་ལུས་མེད་པར་འཐུང་།  དེ་ནས་བླ་མ་ལ་མཇལ་རྟེན་སྐུ་འདྲ་ཞིག་ཕུལ་ཡང་ཁོང་གིས་སྐུ་འདྲ་མར་གནངས་ནས།  འདི་ང་ལ་མི་དགོས་ཁྱོད་ཀྱིས་དད་རྟེན་བྱོས་ཁྱོད་ལ་འདི་མ་ཡིན་པའི་རྒྱུ་ཞིག་འདུག་པ་དེ་ང་ལ་དགོས་དསུངས། དེ་ནས་བླ་མས་ཁྲོམ་ལ་མེ་མདའ་དང་གྲི་སོགས་ནི་རང་སྲོག་གཅོད་པའི་ལག་ཆ་ཙམ་ལས་ཅི་ཡང་འགྲོ་ས་མེད་ཅེས་དགག་བྱ་ཆེ་བའི་བཀའ་ཆོས་མང་དུ་གསུངས་པ་དང་།  ཁོ་རང་ལ་དམིགས་བསལ་དུ་མཚོན་ཆ་ཉར་ན་རང་སྲོག་རྒྱ་འོག་ལས་ཐར་ཐབས་མེད་ཅེས་པ་དང་།  ཚབས་ཆེ་བའི་ནང་འཁྲུག་འབྱུང་བའི་གཞི་མ་ཡིན་པའི་བསླབ་བྱ་གནང་བ་ལ་བརྟེན་ནས།  ཁོ་རང་གི་གཞི་ནས་བླ་མས་ཁོང་ལ་དགོས་གསུང་པའི་རྒྱུ་དངོས་དེ་ངོས་ཟིན།  དེ་ནི་གློ་ལ་གདགས་རྒྱུའི་ཨུ་རུ་སུའི་ཉི་ཤུ་ཁ་དྲག་ཅན་གྱི་འཕྲུལ་མདའ་དང་།  ཁལ་གཉིས་སྦྱིན་ནས་ཉོས་པའི་རྐེད་ལ་དྲང་རྒྱུའི་རལ་གྲི་གཉིས་རེད།  དེ་ནི་ལུས་དང་འབྲལ་མི་ཕོད་པའི་དངོས་པོ་ཞིག་ཡིན་ནའང་།  བླ་མའི་གསུང་གིས་གྲོལ་ནས་ཕོངས་སེམས་ཅི་ཡང་མེད་པར་བླ་མས་ཇི་ལྟར་གསུང་པ་བཞིན་བྱས་ཏེ།  ཁྲོམ་གསེང་དུ་ཆུ་རྡོ་སྔོ་ལོག་བར་དུ་མེ་མདའ་དང་གྲི་གཉིས་བཅག་སྟེ་བླ་མ་གང་ཤར་གྱིས་མཚོན་ཆ་གཅོག་པའི་དབུ་དངོས་སུ་བཙུགས།

དེ་ནས་ཁོ་རང་ལ་བླ་མ་དྲུང་པའི་ན་བཟའ་དང་ཆོས་གོས་བསྐོན་ཏེ་ཟུར་མང་མགོན་ཁང་ནང་གི་ཕྱག་བཞི་པའི་སྐུ་མདུན་དུ་ཁྲིད་དེ།  བླ་མས་ཕྱག་བཞི་པ་ཁྱོད་ལ་བསྟིམ་པ་ཡིན་ཞེས་གསུངས་ནས་རབ་གནས་མཛད་པས་བྲང་ཁ་ནས་ཆུ་མགོ་བརྡོལ་ནས་ཆུ་བདུན་ཚར་གཅིག་གི་ཕྱེད་ཀ་ཙམ་ཞིག་བབ།  དེ་ནས་བཟུང་སྟེ་བླ་མས་ཅི་གསུངས་ནའང་བསྒྲུབ་དགོས་སྙམ་པའི་ཚོར་སྣང་དྲག་པོ་ཞིག་སྐྱེས། འབྱུང་འགྱུར་མ་འོངས་པའི་ལུང་བསྟན་གྱི་ཚུལ་དུ་བླ་མའི་བཀའ་ཡི་བཀོད་པ་ཇི་བཞིན་དུ་མགོན་ཁང་ནང་གི་མགོན་བླ་ཕྱི་རུ་འདེད་པ་དང་།  ཕྱི་ཡི་མི་སྐྱ་ཕོ་མོ་ཚོ་གཅེར་བུ་མ་ལ་ནང་དུ་བཙུད་པ་སོགས་ཀྱིས་གསར་བརྗེ་སྐབས་སུ་བྱུང་བ་རྣམས་ཕལ་ཆེར་བ་བརྡ་ཆོས་ཀྱི་ཚུལ་དུ་བསྟན་བཅུག་པ་དང་།  གང་ཤར་བླ་མས་ཁྱོད་ཚོས་རྒྱུ་ཟས་གང་ཡོད་ཡར་བླ་མ་ལ་མཆོད་པ་གྱིས་མར་ངན་སློང་ལ་སྦྱིན་པ་ཐོང་། དེ་བས་ལྷག་ཅི་ཡང་བྱེད་རྒྱུ་མེད། འཕགས་པ་དཀོན་མཆོག་གསུམ་རྒྱུ་ཅི་འདྲ་ཆེ་ཡང་ཁྱེད་ཚོ་ལ་ནམ་མཁའི་བྱ་འདི་ཚོ་ལས་དགའ་སྙམ་པའི་དུས་ངན་ཞིག་ཚེས་རྒྱུ་ཡོད་ཅེས་དང་།  བྱིས་པ་ཞིག་གི་ཤ་འགྱེད་བཏང་ནས་ཁོང་གིས་གསུང་རྒྱུར།  ཁྱོད་ཚོས་བྱིན་རྟེན་ཡིན་བསམ་ན་བྱིན་རྟེན་ཡིན།  བརྡ་རེད་བསམ་ན་བརྡ་ཞིག་ཡིན་ཞེས་གསུངས་པ་སོགས་ལ་བརྟེན་ནས།  རྒྱུ་ཟས་གང་ཡོད་ཆོས་ཕྱོགས་ལ་བཏང་བར་མ་ཟད་རིན་ཐང་གཞལ་མེད་ཀྱི་དད་རྟེན་ཕྱག་ན་རྡོ་རྗེའི་ཀླུ་འདུལ་ཞེས་པའི་སྐུ་འདྲ་དེ་ཡང་ཟུར་མང་རོལ་པ་རྡོ་རྗེའི་ཕྱག་ཏུ་ཕུལ་ཅིང་།  ཟུར་མང་བླ་གྲྭ་ལྷན་ནས་སྤོས་སྣ་རྒྱ་གླིང་དང་བཅས་སྒྲུབ་སྡེ་ཁྲ་མོ་ནང་དུ་ཕྱག་རྡོར་སྐུ་དེ་འདན་འདྲེན་མཛད།  གཞན་ཡང་འཁོར་འདས་རུ་ཤན་དུ་འགྲོ་བ་སོགས་བྱས་པའི་བླ་མ་གང་ཤར་གྱི་སློབ་མ་གཙོ་གྲས་ཤིག་ཏུ་གྱུར།  ཁོང་གིས་སེར་ཀླུ་དཔོན་ཚང་གིས་བག་མར་བསུས་པའི་མནའ་མ་གཉིས་པ་དཔོན་ནག་བཟའ་འཕྲིན་ལས་ཆོས་སྐྱིད་ཟུར་དུ་ཁྲིད་དེ་རི་ངེ་སྒལ་དུ་ཁྱིམ་གཞིས་ཆགས་པའི་རྒྱུད་ལ་བུ་པ་སངས་ནོར་བུ་ཡོད།

གསུམ་པ་བུ་མོ་ཚེ་སྒྲོ་དང་སྡེ་དགེ་བ་སྲས་ཀྱི་གཅུང་པོ་སྲས་སྐུ་གཞོགས་གཉིས་ལ་བུ་དབང་ཆེན་དང་། ཤེར་དགའ།  བུ་མོ་ཡིད་དགའ་གསུམ་ཡོད།  བཞི་པ་བོ་ཡང་ལ་བུ་མོ་བོ་སྐྱིད།  དམ་ཆོས། འགྲོ་བ་བཟང་མོ།    གསེར་འོད།    བུ་ཆུང་ལྔ་ཡོད།  ལྔ་པ་བུ་མོ་བོ་རིས་ནོར་མའི་ཟོམ་ཁྱུང་ཚང་ལ་སོང་།  དེ་ལ་བུ་མོ་ནོར་སྒྲོན།  དོན་འགྲུབ་སྒྲོན་མ།  བཀྲ་ཤིས་སྒྲོན་མ།  བུ་བུ་རྡོ།  བུ་མོ་སྨན་ཆོས་བཅས་ལྔ་ཡོད།  དྲུག་པ་ཚེ་སྟོབས་ལ་བུ་པ་སངས་ཡོད།  བདུན་པ་བུ་མོ་བསོ་ཀོ་དང་ཨ་མདོའི་དབང་ཆེན་གཉིས་ལ་བུ་ཐོས་པ།  དོན་གྲུབ་ཆོས་རྒྱལ།  བཀྲ་ཤིས་ནོར་བུ་གསུམ་ཡོད། 

སེེར་ཀླུ་དཔོན་ཚང་གི་ཕ་ཤུལ་བུ་འཛིན་གྱི་སྲིད་ཆུས་འཛིན་པའི་བུ་ཆེ་བ་ཕུར་པ་ཚེ་རིང་ནི་རང་ལོ་བཅོ་བརྒྱད་ཐོག་ནས་སྨན་སོག་ཤོག་གི་དཔོན་ཇས་ཀྱི་ཐོབ་ཐང་བཞེས་པའི་ལོ་རྒྱུས་དང་།  ལྷ་ཆབ་གཉིས་རྩོད་གླེང་བྱུང་སྐབས་ཆབ་མདོའི་བཀའ་ཤག་ཁང་ལ་ལྷ་ཐོག་རྒྱལ་པོའི་ངོ་ཚབ་ཏུ་ཕེབས་ནས་རྒྱལ་ཚབ་གཡུ་རྣ་ཅན་ཞེས་མིང་ཐོགས་པའི་རྒྱུ་མཚན་དེ་དག་གིས་འཇོན་ནུས་མཛངས་གསུམ་ལ་གསལ་བཤད་ལོགས་སུ་མི་དགོས་པ་ལགས་ཤིང་། འོག་སྡེ་ལ་བྱམས་གཟིགས་ཆེ་ཞིང་ཐབས་མཁས་ལ་གཞུང་དྲང་ཞིག་ཀྱང་ཡིན་ཏེ། 

དེ་ཡང་འོག་སྡེའི་མི་ཞིག་གིས་རག་རུ་ཚང་ལ་བརྫུས་ནས་ཚུལ་མིན་གྱི་སྤྲོད་སྒྲུབ་ལེན་གསུམ་བྱས་པའི་རྒྱུ་རྐྱེན་གྱིས་ཕྱིས་སུ་རག་རུ་ཚང་གིས་ཁྲིམས་ལ་སྦྱར་ཞིང་། གླང་ལྕག་གིས་ཤ་རྒྱུས་རིམ་གྱིས་ཟད་བཅུག་ནས་གསོད་དགོས་པའི་སྲོག་ཁྲིམས་བཅད།  འོན་ཀྱང་དཔོན་ཇས་ཁོང་གིས་ངོ་ཆེན་གྱི་ཞུ་བ་ནན་གྱིས་ཕུལ་བ་མ་ཟད་ཐ་ན་ཁོ་ཚོའི་སྔུན་ནས་མིག་ཆུ་འདོན་པ་སོགས་བྱས་པའི་བདག་རྐྱེན་ལས།  ཁོ་ཚོས་འོག་སྡེའི་མི་ཞིག་གི་དོན་དུ་མི་ཆེན་གྱི་མིག་ནས་མཆི་མ་ཡོང་བ་འདི་ངོ་མཚར་ཆེ་སོགས་བརྗོད་ནས་ཡུན་རིལ་མ་འགོལ་བ་མི་དེ་བཙོན་ལས་བཏང་།  གཞན་ཡང"སེར་ཀླུ་ཕུར་ཚེ་བརྒྱ་གཤར་ཁ"ཞེས་འོག་སྡེའི་རྩོད་རྙོག་ལ་ཁ་གཡར་ནས་རང་གི་དཔལ་འབྱོར་འཚོལ་བའི་གོ་སྐབས་བཙལ་བ་མ་ཡིན་པར་གཙོ་བོ་འོག་སྡེའི་འདུག་ཆུས་ལ་དམིགས་ཏེ།  དྲང་པོས་གཙང་ཐག་བཅད་ཅིང་ཕྱིན་ཆད་གནས་ཚུལ་དེ་དག་སླར་མི་འབྱུང་བའི་ཆེད་དུ་འབའ་གཞོག་ཐམ་གཏུག་དང་།  གནས་ཚུལ་བྱུང་ན་ལྕག་ཚན་བརྒྱ་ཡི་ཆད་པ་སོགས་ཡོད་པའི་དྲིལ་སྒྲོག་བྱེད་པའི་མི་ཞིག་ཡིན། ཁོང་གི་ལོ་རྒྱུས་ཅུང་ཟད་སྤྲོས་ན།

དང་པོ་དབང་ཆ་ཐོབ་ཐང་གི་སྐོར།  ལྷ་སྲས་རྗེ་དྲུང་གིས་གནང་བའི་བཀའ་ཐམ་ཡིག་ཆ་ལས།  དཔོན་གྱས་གྱི་སྔར་ཐོབ་མི་རབས་རིམ་བཅས་ནས་ཡོད་བཞིན། ཞེས་གསུངས་པ་ལྟར་སེར་ཀླུ་དཔོན་ཚང་ནས་རིམ་བཞིན་བརྒྱུད་པའི་སྨན་སོག་ཤོག་གི་དཔོན་ཐོབ་དང་།  ཁུངས་ཐུབ་ཡིད་རྟོན་འཕེར་བའི་ཇས་སང་རྙིང་གྲས་ཀྱི་ཐོབ་ཆ་སོགས་ཡོད་པའི་ཡིག་ཚང་གི་ཚན་པ་ཁ་ཤས་གཤམ་དུ་འགོད་ན། 

༈ གཤམ་གསལ་ལྷ་ཐོག་དཔོན་ནས་ལག་འཁྱེར་ཐེའུ་བཏང་དོན་བཞིན་ཕན་ཚུན་གཏན་ཚིག་ཡིག་རིགས་ཁུངས་ཐུབ་ཀྱི་འབྲུ་དོན་འགལ་མེད་ཡོང་བ་གྱིས།  ཆུ་བྱ་ཟླ་ཚེས་ལ།  (ཐམ་ག)  གོང་དུ་མདོ་སྤྱི་བཀའ་ཚབ་བཀྲས་ཐོང་པས་འགོ་ཐམ་སྩལ།    དོན་ལྟར་ལ་སོར་གནས་ཡོང་བ་བྱེད།  ཆུ་ལུག་ཟླ་༧ཚེ༢༩ལ།  (ཐམ་ག)  གོང་དུ་མི་དབང་མདོ་སྤྱི་གོང་རིམ་ནས་བཀའ་ཐམ་འགོ་མཆན་སྩལ་འདུག  དོན་བཞིན་སོར་གནས་འགལ་མེད་དགོས་པའི་ཐེའུ་ཞུས།  མཚོ་ཤོ་ལས་ཚན་པས།  མེ་ཕག་ཟླ་༡ཚེས༢༠ལ།  (ཐམ་ག)

བཀའ་ཐམ་སྤེལ་འབྲས་ལ།  ལྷ་འབང་སྨས་སོག་ཤོག་གི་དཔོན་ཇས་རྒན་ཚེ་དབང་འགྱུར་མེད་་་་་་་ཟུང་ནས།  གཞུང་ས་ཆེན་པོ་མཆོག་དང་ངོས་བཅས་ལ་སྔ་ཕྱིར་ཞབས་འདེགས་ལེགས་ཞུས་ལ་བརྟེན་ཁོ་རང་འདས་ཤུལ་བུ་ཕུར་པ་ཚེ་རིང་དང་་་་ནས་ཕ་ཤུལ་བུ་འཛིན་ཡོང་རྒྱུའི་དཔོན་སར་བཀོད་བཞག་ཟིན་དོན།  ༧གོང་ས་བླ་དཔོན་གྱི་བཀའ་ཡིག་ལེ་ཚན་ནང་དོན་ཇི་ལྟར་ཁྱོད་ཤོགས་ལ་སྔོན་ནས་ཁྲལ་ས་རང་བདག་ཐོབ་རིགས་ལ།  འཇུ་ཤོད་མདའ།  སྐྱེ་རེ་ཀ་ཁག་ཕུ་མདའ།  དངུལ་རོང་ཐང་།  རི་ངེ།  གསའ་སི་ཕུ་ཚུན།  རུ་བྲག་དཀར་ཐང་།  རྡོ་ར་ཁྲ་མོ་ཕྱིན།  མཐའ་འུ་གཉིས།  རྫོ་ལུང་འཕྲང་ཕྱིན།  ར་ཁྱིམ་རྫ་ཁང་།  སྡོ་གཉུ་རྒན།  དགུན་མཚེར་སྨན།  རྫག་སེར་རྒའི་ཕུ།  ཁོ་ཐོ་གྱང་དམར་ཡན་བཅས་ཀྱི་ས་ཁོངས།  མཚེར་མལ་ཞིང་ས་བཅས་ལ་རང་སྐྱེས་ཀྱི་བདག་འཛིན་ས་ཟིན་དགོས་རྒྱུ་ལས།  མི་སེར་ཉམ་དམན་རྨོང་པ་འགའ་ཞིག་གི་ཁྲལ་སྡེ་ཉམས་གུད་འགྲོ་རྐྱེན་ཆེ་བའི་ས་ཞིང་གཞན་ལ་བཙོན་གཏད་སོང་མི་ཆོག་ཞིང་།  མ་ཟད་ཕྱི་ནང་ཆེ་བཙན་མཆོག་དམན་སུ་ཐད་ནས་སྔར་འདས་རྗེས་གཅོད་ཀྱི་ཕུལ་ཡིག་བཙོན་ཡིན་ལ་བསྙེད་པའི་གོང་གསལ་ས་ཁོང་ལ་ང་བདག་རྩོད་འཐེན་གྱི་བརྗོད་གཞི་སྦྲང་སྐད་ཙམ་བྱུང་ཚེ་ཁྲལ་སྡེ་དང་།  མཚོ་མདོའི་ས་ཚུགས་བཅས་ཀྱི་ལས་གུས་འབྱུང་ཐོག་བླ་དཔོན་གོང་མའི་མདུན་སར་འབའ་གསེར་སྲང་བཅོ་ལྔ་སྒྲུབས་དགོས་ཀྱི་ཡི་གེ་རབ་བྱུང་རྒྱལ་པོའི་ནང་གསས་ས་འབྲུག་ཟླ་༤ཚེས་༥ལ་དཀར་ལེགས་ཕོ་བྲང་ནས།  (ཐམ་ག)

༈ ངོས་སྦྱོར་ལག་འཁྱེར།  ཁུལ་འདིར་གནས་པའི་སྐྱེ་བོ་མཆོག་དམན་བར་ས་སྤྱི་དང་།  བྱེ་བྲག་ལྷ་ཐོག་དཔོན་འབངས་ཚང་མ་ནས་ངེས་དགོས།  སེ་ལུ་ཕུར་ཚེ་འདི་པ་ལྷ་ཐོག་ཚང་གི་བློན་ཇས་ཚང་རྙིང་ཁུངས་གྲས་ཁུལ་འདིའི་དཔོན་རིགས་གཞན་དང་མ་འདྲའི་གཞུང་སྒེར་བླ་དཔོན་གོང་རིམས་ནས་བཀའ་ལག་རིམ་འབྲེལ་ཐོག  ཁུལ་འདིར་གཞུང་སའི་དོན་གཅོད་ཕེབས་བཞུད་རིགས་ལ་ལྷ་བསམ་གྱིས་ཞབས་ཞུ་ཞུས་འབྱོར་དང་།  ངོས་ལའང་ས་བབ་ཀྱི་ཞབས་ཞུ་རོགས་དན་རིམ་པར་ཞུས་ངོར་བཅས་ལ་གཞིགས་ལག་འཁྱེར་བྱིན་པ་ཡིན་པས་གོང་འཁོད་ཚང་མས་ཆར་ཕན་ཆུ་གྲོགས་རྒྱབ་རྩ་རྗེས་འཛིན་མཚོ་སྨན་གང་གྲགས་དགོས་རྒྱུ་ལས།  བཟོས་མ་བདེའི་བསུན་གཙེར་བྱེད་པ་སྲིད་ཚེ་རྩ་འཛིན་རྒྱབ་གཉེར་བྱ་ངེས་ཁ་ཙམ་མིན་པར་དེ་དོན་ཚང་མས་སྤང་བླངས་འཇུག་སྒོ་ཚུལ་གཞིན་ཡོང་བ་ཡིད་བསྡམས་བྱེད།  མཚོ་ཤོ་མདོ་ལས་རྩེ་དྲུང་ལས་ཚན་དོན་གྲུབ་ཆོས་རྒྱལ་གྱིས།  མེ་ཕག་ཟླ་བ་༡ཚེས་༢༠ལ།  (ཐམ་ག)

    གཞན་ཡང་སྡེ་པ་གཞུང་གི་མཚོ་ཀེ་སུམ་མདོའི་ཤོ་དཔོན་ལས་རོགས་ཀྱང་ཡིན་ཏེ།

༈  སྡེ་དགེ་དང་།  ལྷ་ཐོག་ཡུལ་ཀུན་གྱི་ཞི་དྲག་དཔོན་རིགས་དང་།  དཔོན་འགོ་ཁག་བཅས་ནས་བསན་བཞེས་དགོས་རྒྱུར།  སྨན་སོག་དཔོན་ཕུར་པ་ཚེ་རིང་འདི་པ་གནམ་བསྐོས་གཞུང་ས་མཆོག་ལ་དད་ཞེན་འགྱུར་མེད་ཀྱིས་མཚོ་ཀེ་གསུམ་མདོར་ཤོ་ཁྲལ་བསྡུ་དམ་རིམ་ཕེབས་སོགས་ལ་ཞབས་འདེགས་ལྷག་བསམ་ཟོལ་མེད་ཞུས་པས།  འདི་ལོ་ངོས་ཀྱི་ཤོ་བསྡུའི་ངོ་ཚབ་ཀྱི་ལས་རོགས་སུ་བཞག་པར་ཡང་ལྷག་བློ་དགེ་བས་བྱས་ལ་སྐྱོང་འོས་ལ་བརྟེན་གོང་གསལ་དྲག་ཞན་ཚང་མས་ཕན་འཆར་ཡོང་བ་ཞུ་སྐུའི་ངོས་ལག་ཏུ་མདོ་ལས་སྡེ་དགེ་སྲས་ཀྱིས།  ཆུ་ལུག་ཟླ་༡༠ཚེས་༤ལ།  ཞེས་པས་སོ།  །

དེ་ལས་གཞན་པ་ནང་ཆེན་དྲའུ་ཚང་གི་སྐུ་དྲག་ཀྱང་ཡིན་ཏེ། ༈    མཚོ་སྔོན་ཞིང་ཆེན་གོང་མའི་བཀའ་ཡིག་ནང་དོན་ལྟར།  ལྷ་བློན་ཕུར་པ་ཚེ་རིང་མི་རྒྱུའི་བདག་པོ་གོངས་མ་ཚངས་ཡིན་པ་སྨྲོས་མེད་དང་།  མ་ཟད་རང་ཚང་དང་སེ་ཀླུ་གཉིས་སྔར་ནས་ད་བར་སྐྱིད་སྡུག་གཅིག་པ་ཡིན་དོན་ལྟར།  ད་ཆར་མ་ཉེས་ཁ་ཡོ་ཉེས་མེད་གྱོད་སྦྱར་བྱུང་བ་འདི་ཐད་ནས།  ཕྱི་ནང་གང་ལ་ཐུག་ཀྱང་རྒྱབ་གཉེར་རྩད་གཅོད་དྲག་པོ་མི་བྱ་སྐབས་མེད་ཡིན་པས།  སྡེ་ཁག་སོ་སོར་ཡིད་འདམ་དང་། མ་ཟད་ཕུར་པ་དཔོན་འཁོར་གར་བྱོན་མངའ་འབངས་སོ་སོ་ནས་སྐྱེས་སུ་རོགས་དན་གྱི་རྟ་ཁལ་དགོས་འདང་དང་དྲ་ཞབས་ཞུ་གང་དགོས་བསྒྲུབ་དགོས་རྒྱུ་རྗོད་མེད་དང།  གོང་གསལ་འབྲུ་དོན་རྣམས་ལ་རྩིས་མེད་སྣང་ཆུང་གཏོང་མཁན་ཤར་ཚེ་འབའ་རྒྱ་སྲང་༡༥དང་རྟ་ལྕག་བརྒྱ་བཅས་གོང་ཡིན་ཁྲིམས་སར་ཞུ་མེད་གཙང་སྒྲུབ་དགོས་པའི་ཡི་གེ་ཤིང་ཁྱི་ཟླ་༡༢ཚེས་༡༥ལ་སྐྱེད་མོ་ཡ་མུན་མདུན་གྲལ་ནས་དྲའུ་བླ་དཔོན་ལྷན་ནས་བྲིས།  (ཐམ་ག)  ཞེས་པ་འདི་ཉིད་ལགས།

ཆབ་མདོ་ལ་རྫོང་ཁག་བཅུ་གསུམ་གྱི་ཚོགས་ཆེན་ཐོག་ཕུར་པ་ཚེ་རིང་ལྷ་ཐོག་རྫོང་མི་དམངས་སྲིད་གཞུང་གི་ཀྲུའུ་རེན་གཞོན་པར་(འགན་འཛིན་གཞོན་པ)བསྐོ་བཞག་གནང་།  གཉིས་པ་མངའ་འོག་ས་མཚམས་ཀྱི་སྐོར།  ཤར་སྡེ་དགེ་ཚང་གི་རྭ་རྩེ།  (ལྷ་ཐོག་དང་སྡེ་དགེའི་ས་མཚམས། རུ་བྲག་དཀར་ཐང་།  རྡོ་ར་ཁྲ་མོ།  མཐའ་འུ་གཉིས།)        བྱང་ཟི་ལིང་རྒྱ་སྡེའི་ནིས་རྩེ།  (ལྷ་ཐོག་དང་མཚོ་སྔོན་གཉིས་ཀྱི་ས་མཚམས། དངུལ་རོང་ཐང་།  རི་ངེ་སྒལ། གསའ་སི་ཕུ་མདའ། འགམ་རེ་ཕུ། འབྲོང་ཡག་ཕུ།  སྐྱེ་རེ་ཀ་ཁག་ཕུ་མདའ། འཇུ་ཤོག་ཕུ་ཚུན་ཆད།)  རི་བོ་ཆེ་ཡི་རྣ་མཆོག  (རི་བོ་ཆེའི་མངའ་ཁོངས་ས་རུའི་ཆོས་གླིང་དང་ལྷ་ཐོག་གཉིས་ཀྱི་ས་མཚམས། རྫོ་ལུང་འཕྲང་།  སྡོ་གཉུ་རྒན། དགུན་མཚེར་སྨད། ར་ཁྱིམ་རྫ་ཁང་ཕྱིན་ཆོད།)    ལྷ་ཐོག་ཚང་གི་གོང་བ།  (རྫགས་སེར་རྒའི་ཕུ། ཁོ་ཐོ། གྱང་དམར་ཡན་ཆོད།)    སྒེར་བཙན་ཁག་བཞི་འདུས་པའི་འདུས་མདོ།  ཞེས་བཤད་པའི་གནའ་གཏམ་གྱིས་བསྟན་པ་ལྟར་ལགས་ཤིང་།  གཞན་དག་ལས་དམིགས་བསལ་ས་མཚམས་ཀྱི་འགན་ཁུར་ལྕི་བའི་དབང་གིས་དཔོན་རིགས་དང་དཔོན་ཐོབ་ཀྱང་དམིགས་བསལ་ཡིན་དགོས་པ་བཤད་ལ།  ངོས་སྦྱོར་ལག་འཁྱེར་ལས།  སེར་ཀླུ་ཕུར་ཚེ་འདི་པ་ལྷ་ཐོག་ཚང་གི་བློན་ཇས་ཚང་རྙིང་ཁུངས་གྲས་ཁུལ་འདིའི་དཔོན་རིགས་གཞན་དང་མ་འདྲའི་གཞུང་སྒེར་བླ་དཔོན་གོང་རིམ་ནས་བཀའ་ལག་རིམ་འབྲེལ་ཐོག་ཅེས་ཐོབ་ཀྱི་ཡིག་ཚང་རྣམས་ཀྱི་ནང་དོན་ལ་གཞིགས་ནའང་དེ་ལྟར་ལགས།

གསུམ་པ་དབུ་བླ་མཆོག་གནས་ཀྱི་སྐོར་ནི།  ལྷ་སྲས་རྗེ་དྲུང་གིས་གནང་བའི་བཀའ་ཐམ་གྱི་ཡིག་ཆ་ལས།  ཡར་ལ་ཞབས་ཕྱི་ཅི་འགྲུབ་དང་།  མར་ལ་ཐུགས་བརྩེ་ཆེར་གནང་ཐོག་ཅེས་དང་།  ཁོ་ཚོ་གསོན་ན་མི་བདག་དང་།  འཆི་ན་རོ་བདག་གི་འཛིན་སྐྱོང་བྱེད་རྒྱུ་ཞེས་གསུངས་པ་ལྟར།  དབུ་བླ་མཆོད་གནས་ཀྱི་གཙོ་བོ་ནི་ལྷ་སྲས་རྗེ་དྲུང་དང་། རག་རུ་ཚང་དང་ཟུང་འབྲེལ་བྱས་ནས་གོ་བའི་ཇེ་ཀེ་ཁ་ལ་གྲོ་ལོད་ཡས་ཟོར་རྒྱ་ཟློག་ཏུ་བཅས་པ་སོགས་ཀྱི་མཆོད་གནས་བྱེད་མྱོང་བའི་ཞིང་གཤེགས་འཕྲིན་ལས་རབ་བརྟན་དང་ཨ་གྲོ་ཀར་རྒན་སོགས་ཡིན།

བཞི་པ་དགེ་ལས་རྟེན་བཞེངས་ཀྱི་སྐོར།  གསོན་རིམ་གཤིན་ཆོས་ཀྱི་རྟེན་སྐལ་དུ་ས་གནད་ཁྱད་པར་ཅན་སྨན་མདའི་ཆུ་མདོ་ལ།  མདོ་སྡེ་བསྐལ་པ་བཟང་པོ་སོགས་བརྡོ་ལ་བརྐོས་ཏེ་རྡོ་འབུམ་བརྩིགས་པ་དང་།  གྲུབ་ཐོབ་ཀརྨ་ཚེ་རིང་ངམ་ཨ་གྲོ་ཀར་རྒན་གདན་དྲངས་ཏེ་མཆོད་རྟེན་གསར་བཞེངས་བྱས་ནས་བྱིན་རླབས་ཆེ་བའི་བསོད་ནམས་ཀྱི་རྟེན་སྐལ་དེ་དགེ་ལས་ཀྱི་རྟེན་བཞེངས་སུ་མཛད།  ཕྱིས་སུ་ལོ་བཅུའི་གོད་ཆག་ཆེན་མོའི་སྐབས་མིིང་གི་ལྷག་མར་གྱུར་ཀྱང་བླ་མའི་ཐུགས་བསྐྱེད་དང་།  སེམས་ཅན་གྱི་བསོད་ནམས་མ་ཡལ་བའི་རྟེན་འབྲེལ་གྱིས་ལུགས་གཉིས་ལ་སྤྱན་རས་ཡངས་པའི་བླ་མ་ཚེ་དབང་དཔལ་ལྡན་གྱིས་བསྐྱར་གསོའི་དབུ་དངོས་སུ་བཙུགས་པ་ནས་བཟུང་།  དད་འབྱོར་ལྡན་པའི་བསོད་ནམས་ཅན་དག་གིས་བྱིན་རླབས་ཀྱིས་ཚན་ཁ་འབར་བའི་རྡོ་འབུམ་དང་།  བདེ་བར་གཤེགས་པའི་མཆོད་རྟེན་གང་མང་གསར་བཞེངས་མཛད་པ་ཕྱོགས་ཀྱིས་མཐོ་རིས་ཐར་པར་འདྲེན་པའི་ཐེམ་སྐས་དང་།  ངན་སོང་གསུམ་གྱི་སྒོ་གཏན་དུ་དམ་པ་མང་པོས་ལུང་གིས་བསྔགས་པའི་རྟེན་མཆོག་ཁྱད་པར་ཅན་འདི་ལེགས་པར་གྲུབ་པ་ཡིན་ནོ།  །

བཞི་པ་སྐུ་ཟླ་སྐུ་སྲས་ཀྱི་སྐོར།    སྲིབ་འབྲོང་པ་དཔོན་ཚང་གི་བུ་མོ་ནམ་མཁའ་སྒྲོན་མ་ལ་བུ་མོ་ཡེ་ཤེས་ཟླ་བ་དང་།  རྒྱ་ཀོ་གཉིས་ཡོད།    ཀེ་སྟོད་ཐ་ག་བཟའ་གངས་སྐྱིད་ལ་བུ་མགོན་པོ་རྣམ་རྒྱལ་ཡོད།

བཙོན་འཇུག་དང་གྲོངས་པའི་སྐོར།  དུས་ལོག་གི་འཕོ་འགྱུར་ཁྲོད་རྒྱང་སྐྱོད་དམག་མི་མང་འགག་བརྒྱུད་ནས་ཡོང་དུས་རག་རུ་ཚང་གིས་སྤྱི་ཁྱབ་བཀོད་འདོམས་བྱས་ནས་བཅོ་བརྒྱད་དྲུག་ཅུའི་ལས་དམག་བསྡུས་ཏེ།  རག་རུའི་དམག་ཤོག  སྦྲ་ཆེན་དམག་ཤོག  སྨན་སོག་དམག་ཤོག་བཅས་ཁག་གསུམ་དུ་བགོས་ཏེ་མང་འབོ་སུམ་མདོ་སོགས་ནས་འགོག་རྒོལ་སྔ་ཕྱི་དུ་མ་བྱས་པའི་སྨན་སོག་གི་དམག་དཔོན་ཡིན་པའི་རྒྱུ་རྐྱེན་གཙོ་བོ་གཅིག་དང་།  སྤྱིར་སྨན་སོག་གི་དཔོན་ཇས་ཡིན་པའི་མངའ་བདག་གི་ཞྭ་མོ་མཐུག་པའི་རྒྱུ་མཚན་གྱིས་དགུང་གྲངས་ང་བཞིའི་ཐོག་སྤྱི་ལོ་༡༩༦༠ལོར་ཆབ་མདོ་ལ་བཙོན་དུ་བཟུང་། གནས་ཚུལ་དེ་དག་ཉེས་ཚབས་ཇེ་ཆེར་སོང་སྟེ་མཐར(སྨན་སོག་ཤོག་གི་ནག་ཉེས་ཚང་མ་ཁོང་གིས་འགན་ལེན་བྱས་ཤིང་སྐབས་དེའི་དུས་དམག་ལ་འགྲོ་མྱོང་བའི་མི་གཅིག་ཀྱང་ལག་ཏུ་མ་བཞག་པར་བཤད་རྒྱུ་ཡོད།)གྲོངས་སྐབས་ཀྱང་ལྕགས་སྒྲོག་ལྷོད་མ་མྱོང་ཞིང་སྐུ་ཚེའི་འདུ་བྱེད་བཙོན་ཁང་ནང་དུ་བཏང་།      ཕྱིས་སུ་བཅོས་བསྒྱུར་སྒོ་འབྱེད་སྐབས་ཇས་སང་ལ་ཕོག་ཡོད་པར་བསྒྲགས་ནས་ཇས་སང་གང་ཡོད་བཙལ་སྐབས་སྨན་མདའི་དྲུང་ཆེན་བློ་དགེ་བརྒྱུད་ནས་ཆབ་མདོའི་རྫོང་དཔོན་རྡོ་རྗེ་ལ་སྙན་སེང་ཕུལ་ཞིང་བདེན་པའི་ཁུངས་ཐུབ་ཀྱི་ཡིག་ཚང་བསྟན། འོན་ཀྱང་དུས་ལོག་སྐབས་རག་རུའི་དམག་སྤྱིའི་ཐོབ་ཆ་ཡོད་པའི་རྒྱུ་མཚན་དང་།  རག་རུ་དང་མཉམ་འབྲེལ་བྱས་ནས་འགོག་རྒོལ་གྱི་དམག་དཔོན་ཡིན་པའི་དོན་དངོས་དང་དེ་བཞིན་ངོས་ལེན་བྱས་པའི་རྐྱེན་གྱིས་ལྐོག་བཀོད་མིང་ཐོར་འཁོད་པ་སོགས་ཀྱིས་ཕོག་སྦྱིན་རྒྱུ་མེད་པའི་གསལ་བསྒྲགས་བྱས།    (རྡོ་རྗེས་བཤད་རྒྱུར།    སེར་ཀླུ་དཔོན་ཚང་ཇས་སང་ཡིན་པ་སྨོས་མེད་རེད་གདའ།        འོན་ཀྱང་ཀེ་སྨད་འབྲོང་པ་ཚང་།  ཇིང་ཐང་སྡེ་པ།      སེར་ཀླུ་དཔོན་ཚང་གསུམ་གྱིས་རང་ཁ་རང་སྡོམ་བྱས་བཞག་འདུག    རག་རུས་བཅོ་བརྒྱད་དྲུག་ཅུའི་ལས་དམག་བསྡུས་ཏེ་འགོག་རྒོལ་བྱེད་དུས་ཕུར་པ་ཚེ་རིང་རག་རུའི་དམག་སྤྱི་བྱས་མྱོང་བའི་བདེན་དཔང་ཡང་གདའ་ལ་ཁོ་རང་གིས་ཀྱང་དེ་བཞིན་ངོས་ལེན་བྱས་འདུག  དེ་དག་ནག་ཉེས་ཆེ་བའི་དབང་གིས་ད་ལྟ་ནི་སྲིད་ཇུས་དོན་འཁྱུར་མི་གདའ།  ཡིན་ན་ཡང་རྒྱལ་ཁབ་ལ་རེ་བ་རྒྱག་ས་ཡོད་རེད་ཁྱོད་ཚོས་ནམ་རྒྱུན་རེ་ཞུ་བྱོས་ཞེས་པ་དེ་རེད།) དེའི་དུས་ལྷ་ཐོག་རྫོང་གི་མི་སྣ་དག་ལའང་ཕོག་ཡོད་པའི་རྐྱེན་གྱིས་ཕུར་པ་ཚེ་རིང་ལྷ་ཐོག་རྫོང་མི་དམངས་སྲིད་གཞུང་གི་མགོན་འཛིན་གཞོན་པར་བསྐོས་པའི་ཐོབ་ཀྱི་ཡིག་ཚང་དེ་སྨན་མདའི་དྲུང་ཆེན་བློ་དགེའི་ལག་ཏུ་བཞག  འོན་ཀྱང་དོན་ཐོག་ཏུ་མ་སོང་བར་མ་ཟད་བློ་དགེས་གང་བཞག་མི་འདུག་ཅེས་ཡིག་ཚང་བོར་བརླག་ཏུ་སོང་།  གོང་དུ་དྲངས་པའི་བཀའ་ཐམ་གྱི་ཡིག་ཚང་འདི་དག་ནི་ཁོང་གིས་བུ་མགོན་པོ་རྣམ་རྒྱལ་མ་བུ་གཉིས་ཀྱི་ལག་ཏུ་བཞག་ཅིང་།  ཁོང་གཉིས་ཀྱིས་ཀྱང་ལོ་བཅུའི་གོད་ཆགས་ཆེན་མོ་དང་འགྲོགས་ནས་ཚེ་སྲོག་དང་ལྷན་དུ་ཉར་ཚགས་བྱས་ཏེ་ཡོང་བ་ཞིག་ཡིན།  ད་ལྟ་ནི་དཔོན་ཇས་ཕུར་པ་ཚེ་རིང་གི་བུ་མགོན་པོ་རྣམ་རྒྱལ་དང་བུ་མོ་རྒྱ་ཀོ    སེར་ཀླུ་ཚེ་སྟོབས་ཀྱི་བུ་པ་སངས་ནོར་བུ་སོགས་ཀྱི་ཕྱག་ཏུ་མཆིས། 

རྩོམ་ཚུལ་སྨོན་པ་དང་བཅས་པའི་ཚུལ་དུ་སླར་སྨྲས་པ།

རྒན་པའི་བློ་ཁོག་ནམ་མཁའ་ཡངས་པ་རུ།  །

ཁུངས་ཐུབ་གཏམ་གྱི་སྤྲིན་དཀར་འདུས་པ་ལས།  །

གྲུ་ཆར་པིར་གྱི་རྩེ་མོ་གཡོ་བ་ཡིས།  །

ས་གཞིའི་རྩི་བཅུད་མཚན་མ་རྣམ་པར་བཀྲ།  །

ཕྲག་དོག་མུན་པ་དཀྲིགས་པའི་ཁུགས་སོ་ནས།  །

སྲིན་བྱས་དཀྲོག་གཏམ་ཧ་ཧ་སྒྲོག་པ་ལ།  །

སྲོང་གཏམ་སྲིད་པའི་མིག་གིས་འཚེ་བྱེད་ཀྱང་།  །

བདེན་པའི་འོད་ཀྱི་དཔལ་ལས་སྐྱོན་མ་ལགས།  །

ང་རྒྱལ་དུག་རྩ་རྒྱས་པའི་ས་བོན་དང་།  །

ཕྲག་དོག་ཕུང་འདྲེ་འཁོར་བའི་སྡོང་པོ་མིན།  །

རིགས་རུས་ཆོ་འབྲང་གསལ་བའི་སྐུ་བྱད་ལ།  །

      ཕན་ཚུན་མཐུན་པའི་མཚན་དཔེ་རྒྱས་པ་ལགས།  །

མི་ཡུལ་མགྲོན་དུ་ཡོང་བའི་ར་བ་རུ།  །

སྔོན་ལས་ཟབ་མོས་ལྷན་ཅིག་སྦྲེལ་བ་ཡི།  །

གདོང་སེར་ཀླུ་ཡི་མི་རབས་རིགས་རྒྱུད་བཅས།  །

སླུ་མེད་རིན་ཆེན་གསུམ་གྱིས་ཤིས་གྱུར་ཅིག  །

སློབ་དཔོན་པདྨའི་བཀའ་ཡི་ཕོ་ཉ་བ།  །

ལྷ་སྡེའི་དཔོན་འབངས་སྲུང་བའི་དགྲ་བླ་དང་།  །

རིགས་འདིའི་མཚུན་ལྷ་སྨན་གྱི་རག་དཀར་གྱིས།  །

དགེ་མཚན་ཆར་དུ་སྙིལ་བའི་བཀྲ་ཤིས་ཤོག  །

ཅེས་ཟླ་ཚེས་བཟང་པོ་ཉིན་རྫོགས་པར་བགྱིས་པའོ།  །

推荐阅读更多精彩内容